[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྗང་མདོག་འཚོ་བ་དར་སྤེལ་བཏང་། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན།

    བོད་ཀྱིས་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་བྱས་པའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-07

    འདི་ལོའི་ཟླ་6ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་46པ་དེ་ཡིན་ཞིང་། དེ་ཉིན་སྔ་དྲོ་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་སློབ་གསོ་ཐིང་སོགས་འབྲེལ་ཡོད་ཚན་པ་དང་། དེ་བཞིན་ལྷ་ས་གྲོང་ཁྱེར་ཐད་གཏོགས་ཚན་པའི་དབར་མཐུན་སྦྱོར་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་གཡུ་ཐོག་ལམ་དུ“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ཞོགས་པ་སྔ་པོར་གཡུ་ཐོག་ལམ་དུ་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་དང་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་སོགས་ཚན་པ་57གྱི་ལས་དོན་མི་སྣས་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་དྲིལ་བསྒྲགས་ཡིག་ཆ་སྣ་ཚོགས་གྲ་སྒྲིག་བྱེད་པའི་ལས་ལ་བྲེལ་བཞིན་འདུག

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་དྲིལ་བསྒྲགས་སྒྲོག་ཙེའི་མདུན་དུ་ལས་དོན་མི་སྣས་ཇི་ལྟར་བྱས་ནས་ཟོག་རོ་བེད་སྤྱོད་ཡག་པོ་བྱེད་པར་དམིགས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་དྲིལ་བསྒྲགས་བྱེད་བཞིན་འདུག ལས་དོན་མི་སྣ་ཚོས་ངང་རྒྱུད་རིང་ཞིང་ཞིབ་ཚགས་པའི་འགྲེལ་བཤད་དང་དངོས་ཟོག་ཁྱད་མཚར་སྣ་ཚོགས་ལས་གྲོང་མི་མང་པོའི་ཡིད་དབང་བཀུག མཁྱེན་ལྡན་མ་ལི་ལགས་ཀྱིས“ངས་ཀྱང་ཉེ་འགྲམ་གྱི་དགའ་ཉེ་སྤུན་མཆེད་འབོད་སྐུལ་གྱིས་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་གི་དཔུང་ཁག་ནང་ཞུགས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།

    ལྷ་ཀླུ་སློབ་ཆུང་གི་དྲིལ་བསྒྲགས་སྒྲོག་ཙེའི་མདུན་དུ་ཕྲུ་གུ་ཚོའི་དཔུང་པར་དཀྲིས་པའི་རས་དམར་པོའི་ཐོག་འཁོད་པའི“ཁོར་ཡུག་སྲུང་སྐྱོང་བ་ཆུང་ཆུང”ཞེས་པའི་ཡིག་འབྲུ་གསལ་པོར་མངོན་པ་དང་ཁོང་ཚོས་འཚོ་བའི་ནང་གི་བྱ་བ་ཆུང་ཙག་དཔེར་བགྲངས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཚོར་དྲིལ་བསྒྲགས་བྱས་པས་མི་མང་པོའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་ཁོར་ཡུག་སྲུང་སྐྱོང་པུས་2017ལོའི་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོ“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན”ཞེས་པ་ཁྱབ་བསྒྲགས་བྱེད་དོན་ནི་སྤྱི་ཚོགས་ལས་རིགས་ཁག་གིས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་གྱིས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱེད་པ་དང་རང་འགུལ་ངང་ལྗང་མདོག་འཚོ་བ་དར་སྤེལ་བཏང་སྟེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ཆེད་ཡིན། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལུའི་ཧྲེ་ཉིང་གིས་བྱེད་སྒོ་འདི་གཉེར་བའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་ཁག་གིས་རང་འགུལ་ངང་ལྗང་མདོག་ཐཱན་ཉུང་དང་བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དང་འཛད་སྤྱོད་བྱེད་སྟངས་དར་སྤེལ་གཏོང་རྒྱུར་སྐུལ་སློང་ཁྲིད་སྟོན་བྱས་ནས་སྣོད་བཅུད་ཤེས་དཔལ་ནང་ཞུགས་མཁན་དང་། ལག་ལེན་པ། སྐུལ་འདེད་པ་བཅས་སུ་འགྱུར་གང་ཐུབ་ཀྱིས་རང་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ཆེད་སྐུལ་འདེད་ཧུར་ཐག་གཏོང་ཆེད་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་བའི་ཉིན་མོར་ལས་དོན་མི་སྣས་རིམ་རྩིས་བྱས་ན་མང་ཚོགས་ལ་རིགས་275ཡི་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་དེབ་ཆུང་ཁྲི་10སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།