[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྔོ་ལྗང་གི་ས་གཞི་འདི་ངེས་པར་དུ་སྲུང་དགོས།

    ​ ལྷོ་བྲག་རྫོང་སྒྱིད་སྟོད་གྲོང་ཚོའི་ནགས་སྲུང་བ་བཅིངས་འགྲོལ་སྟོབས་རྒྱལ་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-24

    ལྷོ་བྲག་རྫོང་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་3820ཡོད་པ་དང་མཐའ་སྲུང་ས་ཐིག་སྤྱི་ལེ་200ཙམ་ཟིན་པ་དེ་ནི་མེས་རྒྱལ་གྱི་བོད་ཀྱི་མཐའ་མཚམས་རྫོང་ཞིག་རེད།

    ས་བབ་མཐོ་ཞིང་གྲང་ངར་ཆེ་ཁར་གསོ་རླུང་མི་འདང་བའི་ཁུལ་ཞིག་ཡིན་ཡང་དེ་གའི་མང་ཚོགས་ཚོས་རྟག་ཏུ་སྤྲོ་སྣང་འཕེལ་བའི་སྒོ་ནས་ཡར་རྒྱས་ཡོང་རྒྱུ་བརྩོན་ལེན་བྱས་ཏེ་ཤིང་འཛུགས་ནགས་བཟོ་དང་ཕ་ཡུལ་མཛེས་སྡུག་ལྡན་པར་འགྱུར་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་ལྷོ་བྲག་རྫོང་དུ་ཕུལ་བྱུང་མི་སྣ་འབོར་ཆེན་ཞིག་ཆུ་གཏེར་རྒྱས་པ་བཞིན་ཐོན་པས་ལྷོ་བྲག་རྫོང་སྒྱིད་སྟོད་གྲོང་ཚོའི་ནགས་སྲུང་བ་བཅིངས་འགྲོལ་སྟོབས་རྒྱལ་ནི་དེའི་ཁྲོད་ཀྱི་མཚོན་བྱེད་ཅིག་རེད།

    ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བོད་དུ་འབྱོར་ཡོད་པ་གོ་ཐོས་བྱུང་བའི་བཅིངས་འགྲོལ་སྟོབས་རྒྱལ་སྤྲོ་བ་རབ་ཏུ་འཕེལ་བའི་སྒོ་ནས་དེའི་རིང་དགོང་ལྟར་དུས་ཐོག་ཏུ་བརྙན་འཕྲིན་འཕྲུལ་འཁོར་གྱི་མདུན་དུ་བསྡད་དེ་བོད་ལྗོངས་གསར་འགྱུར་མཉམ་བསྒྲགས་ལྟ་བ་མ་ཟད། ད་དུང་རྟག་ཏུ་ཉེ་འཁོར་དུ་ལག་ཐོགས་ཁ་པར་ནས་དྲ་རྒྱ་སྤྱོད་ཤེས་མཁན་གྱི་མང་ཚོགས་ཚོའི་ས་ནས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་འབྲེལ་བ་ཡོད་པའི་གསར་འགྱུར་སྐད་ཆ་དྲི་ཡི་ཡོད། ཁོང་གིས“ཁོར་ཡུག་སྲུང་སྐྱོང་གི་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོབ་པ་ཞིག་ཡིན་པས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་སླེབས་སྐབས་ལས་དོན་ཡག་པོ་སྒྲུབ་དགོས་ལ་དེ་བས་རྒྱུན་དུ་ནས་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་བརྗོད་ཀྱི་ཡོད།

    བཅིངས་འགྲོལ་སྟོབས་རྒྱལ་གནས་སའི་སྒྱིད་སྟོད་གྲོང་ཚོ་དེ་ལྷོ་བྲག་རྫོང་གི་ཉེ་རིང་གང་སར་སྐད་གྲགས་ཡོད་པའི་ཤིང་འཛུགས་ནགས་བཟོའི“གྲོང་ཚོ་ཆེན་པོ”ཞིག་རེད། སྒྱིད་སྟོད་གྲོང་ཚོར་ནགས་ཚལ་སྟུག་པོ་ཡོད་པས་ཚང་མས་དེ་གར་གསོ་རླུང་ལེགས་པའི་ཁུལ་ཞེས་བརྗོད་དེ་ནོར་བུ་རྩ་ཆེན་ཇི་བཞིན་སྲུང་སྐྱོང་གང་ལེགས་བྱེད་ཀྱི་ཡོད། 2010ལོ་ནས་བཟུང་བཅིངས་འགྲོལ་སྟོབས་རྒྱལ་གྱི་ལས་འགན་ནི་ལྗོན་ཤིང་དེ་དག་ལ་ལྟ་སྐྱོང་བྱ་རྒྱུ་དེ་རེད། དམག་སྐུལ་དང་ལེན་བྱེད་མྱོང་ཡོད་པའི་བཅིངས་འགྲོལ་སྟོབས་རྒྱལ་གྱི་ངོས་ནས་བརྗོད་ན། དེ་ནི་གྲོང་ཚོས་རང་ཉིད་ལ་སྤྲད་པའི་ལས་འགན་ཞིག་དང་རང་ཉིད་ལ“བཀའ་རྒྱ”བཏང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    བཅིངས་འགྲོལ་སྟོབས་རྒྱལ་འདི་ལོ་ལོ་60སླེབས་པ་དང་གཟུགས་པོ་ཆེན་པོ་མེད། ལོ་ན་རྒས་པའི་རྣམ་པ་དེ་ཁོང་གི་ངོ་གདོང་ལ་གཉེར་མས་ཁེངས་པ་དང་སྟོད་སྒུར་ཙམ་ཡིན་པ་མ་ཟད། ལོ་ན་གཅིག་མཚུངས་ཀྱི་མི་ལས་རྒས་ཆེ་བ་ཡོད་པ་ལས་མངོན་ཐུབ། “ང་སྔོན་ཆད་གཟུགས་སྟོབས་ཆེན་པོ་ཡོད། དཔུང་སྡེར་སྡོད་སྐབས་དཔོན་པོ་ཚོའི་བསྔགས་བརྗོད་ཡང་ཡང་ཐོབ་ཀྱི་ཡོད” ཅེས་བཅིངས་འགྲོལ་སྟོབས་རྒྱལ་གྱི་སྐད་ཤུགས་དེ་ཙམ་མི་ཆེ་ཡང་མིག་གཉིས་ཁྲ་རིལ་རིལ་ཡོད་པ་དེ་ཐོག་ནས་ང་ཚོས་ཁོང་གི་འགྱུར་མེད་བློ་སྟོབས་མཐོང་ཐུབ།

    ས་གནས་སུ་ཕྱིར་ལོག་བྱས་རྗེས་བཅིངས་འགྲོལ་སྟོབས་རྒྱལ་གྱིས་སྔར་བཞིན་དམག་མིའི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ནན་པོ་བཏོན་གྱི་ཡོད། ཁོང་གི་ལས་ཀའི་དུས་ཚོད་ལ་གོ་རིམ་ལྡན་ཡོད་པ་ནི་དམག་མིའི་སྤྱོད་ཚུལ་དང་ཡོངས་སུ་གཅིག་མཐུན་རེད། ཞོགས་པ་ནགས་ཚལ་ཁྲོད་མཁའ་རླུང་སོས་པ་རྔུབ་པར་འགྲོ་བ་དང་། ཉིན་དགུང་ནགས་ཚལ་ཁྲོད་སླར་ཡང་དེའི་བསིལ་གྲིབ་ཉམས་སུ་མྱོང་བར་འགྲོ་བ། ས་སྲོས་སྐབས་སླར་ཡང་ནགས་ཚལ་གྱི་མཐའ་འཁོར་དུ་ཞིབ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་གནས་ཡོད་མེད་དུས་ཐོག་ཏུ་གྲལ་བཤེར་བྱེད་པར་འགྲོ་བ་བཅས་ཡིན། དེ་ལྟར་ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད།

    བཅིངས་འགྲོལ་སྟོབས་རྒྱལ་གྱི་བཟའ་ཟླ་འཕྲིན་ལས་ཆོས་འཛོམས་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་པས་ངལ་རྩོལ་ནུས་པ་མེད། གཉེན་སྒྲིག་བྱས་ནས་ལོ་མང་སོང་ཡང་ཁོང་གཉིས་ལ་ཕྲུ་གུ་བྱུང་མེད། འཕྲིན་ལས་ཆོས་འཛོམས་ཀྱི་རྒྱུན་གཏན་འཚོ་བ་བཅིངས་འགྲོལ་སྟོབས་རྒྱལ་གྱི་ལྟ་རྟོག་ལ་བརྟེན་དགོས་ཀྱི་ཡོད། བཟའ་ཟླས་བཅིངས་འགྲོལ་སྟོབས་རྒྱལ་གྱིས་ནགས་ཚལ་ལ་ལྟ་སྐྱོང་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་རང་ཉིད་ལ་ལྟ་རྟོག་བྱེད་པའི་དུས་ཚོད་དང་སེམས་ནུས་ལས་མང་བ་འདོན་གྱི་ཡོད་ཅེས་བརྗོད།

    “ཐེངས་ཤིག་དྲག་ཆར་བབས་ཏེ་གནས་ཚུལ་ཛ་དྲག་པར་བརྟེན་ཆས་གོས་གྱོན་ནས་ཐོན་སོང་། ལོག་ཡོང་སྐབས་གཟུགས་པོ་ཡོངས་འདམ་བག་གིས་ཁེངས་ནས་རྐུབ་སྟེགས་ཐོག་ཡུན་རིང་བསྡད་སོང་། སྐད་ཆ་དྲིས་རྗེས་ནགས་ཚལ་ལ་སྐོར་བ་རྒྱག་པར་འགྲོ་སྐབས་འདྲེད་བརྡར་ཤོར་བ་གཞི་ནས་ཤེས་བྱུང་། ཉིན་གཉིས་པར་སྨན་ཡང་མ་ཟས་པར་སླར་ཡང་ནགས་ཚལ་ལ་སྐོར་བ་རྒྱག་པར་ཕྱིན་སོང་། འགྲོ་སྐབས་ངས་བཅིངས་འགྲོལ་སྟོབས་རྒྱལ་ལ་སྐད་ཆ་ཚིག་གཉིས་བཤད་པར་ང་ལ་གཤེ་གཤེ་དྲག་པོ་བཏང་སྟེ་རང་གིས་གང་ཤེས་ཀྱི་ཡོད་ཅེས་བརྗོད་བྱུང”ཞེས་ཤོད་བཞིན་དུ་འཕྲིན་ལས་ཆོས་འཛོམས་ཀྱིས་སེམས་སྡུག་ཆེན་པོའི་སྒོ་ནས་མིག་ཆུ་བཏང་།

    དོན་དངོས་ཐོག་བཅིངས་འགྲོལ་སྟོབས་རྒྱལ་གྱིས་བཟའ་ཟླར་དགའ་པོ་ཚད་མེད་བྱེད་ཀྱི་ཡོད། ཁོང་གིས“ངས་ནགས་སྲུང་བ་མ་བྱས་ན་སྨན་ཉོ་བའི་དངུལ་གང་ནས་ཡོང་ངམ། ངས་ལྟ་རྟོག་མ་བྱས་ན་སུས་ཁོ་མོར་ལྟ་རྟོག་བྱེད་དམ”ཞེས་བརྗོད།

    སྒྱིད་སྟོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་བློ་བཟང་སྒྲོལ་མས་གསར་འགོད་པར་ནགས་སྲུང་བ་བྱས་ན་བཅིངས་འགྲོལ་སྟོབས་རྒྱལ་ལ་ལོ་གཅིག་ལ་ཡོང་འབབ་སྒོར་6800ཡོང་གི་ཡོད། དེ་ནི་རྩ་བའི་ཆར་བཟའ་ཚོ་གཉིས་པོའི་ལོ་གཅིག་གི་ཡོང་འབབ་རེད། མ་ཟད་དངུལ་དེ་དག་ནས་ཕལ་ཆེ་བ་འཕྲིན་ལས་ཆོས་འཛོམས་ལ་སྨན་ཉོ་བར་བེད་སྤྱོད་གཏོང་གི་ཡོད་ཅེས་བཤད།

    ནགས་སྲུང་བ་བྱེད་པ་ཕུད་ད་དུང་བཅིངས་འགྲོལ་སྟོབས་རྒྱལ་གྱིས་ས་ཞིང་མུའུ་3ལྷག་ཙམ་འདེབས་འཛུགས་བྱེད་དགོས་ཀྱི་ཡོད། “ས་ཞིང་དུ་ནས་ཤ་སྟག་བཏབ་ཀྱི་ཡོད་པས་ང་ཚོ་མི་གཉིས་ཀྱི་བཟའ་འབྲུ་འདང་ངེས་འདུག”ཅེས་བཅིངས་འགྲོལ་སྟོབས་རྒྱལ་གྱིས་བཤད།

    བཅིངས་འགྲོལ་སྟོབས་རྒྱལ་གྱི་ངོས་ནས་བརྗོད་ན་བཟའ་ཟླ་དང་ནགས་ཚལ་གཉིས་པོ་རང་ཉིད་ཀྱི་ནོར་བུ་རྩ་ཆེན་རེད། སྐབས་རེ་ནགས་ཚལ་ལ་ལྟ་སྐྱོང་བྱེད་པའི་དུས་ཚོད་དེ་བཟའ་ཟླར་ལྟ་རྟོག་བྱེད་པའི་དུས་ཚོད་ལས་མང་བའི་ཕྱོགས་ལྷུང་གི་བསམ་པ་ལྡན་པ་བཅིངས་འགྲོལ་སྟོབས་རྒྱལ་གྱིས་ཁས་བླངས་ཀྱི་འདུག དེར་བརྟེན་ལྗོན་ཤིང་དེ་དག་སྒྱིད་སྟོད་གྲོང་ཚོའི་མང་ཚོགས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་ལྟ་སྐྱོང་ཡག་པོ་མ་བྱས་ན་ཏང་དང་མང་ཚོགས་ཀྱི་མངགས་བཅོལ་ཟབ་མོར་ངོ་གནོང་དགོས་པ་ཞིག་རེད། “བོད་དུ་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན་པས་སྔོ་ལྗང་གི་ས་གཞི་འདི་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་བུ་རབས་ཚ་རྒྱུད་ཀྱིས་རྒྱུན་འཛིན་བྱེད་དགོས། བུ་རབས་ཚ་རྒྱུད་ལ་ཁོར་ཡུག་ཇེ་སྡུག་ཏུ་སོང་བའི་འཚོ་བ་སྐྱེལ་རྒྱུ་མི་ཡོང་བ་བྱེད་དགོས ”ཞེས་བཅིངས་འགྲོལ་སྟོབས་རྒྱལ་གྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།