[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • “དག་ཞིང་མཐའ་མ”སྔར་བས་དྭངས་གཙང་ཡོང་བ་བྱེད་པ།

    འབད་འབུངས་ཡར་བརྩོན་གྱིས་མཛེས་སྡུག་ལྡན་པའི་བོད་ཀྱི་ཁོར་ཡུག་བཏོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-27

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་བརྗོད་གཞིའི་ཐད་འབད་བརྩོན་ལྷོད་མེད་དང་ཤུགས་སྣོན་གང་ཡོད་བརྒྱབ་སྟེ་དཔལ་འབྱོར་གྱི་ཆོས་ཉིད་དང་། སྤྱི་ཚོགས་ཀྱི་ཆོས་ཉིད། རང་བྱུང་གི་ཆོས་ཉིད་བཅས་ལ་གཞིགས་ཏེ་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ཞི་མཐུན་གཅིག་གྱུར་ཧུར་ཐག་ཡོང་བ་བྱས་ནས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་གི་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིས་ཡིན་པ་འགན་ལེན་བྱས་པས་འཛམ་གླིང་ཐོག་གི“དག་ཞིང་མཐའ་མ”ལས་བཀྲག་མདངས་རབ་ཏུ་འཚེར་ཐུབ་པ་བྱུང་ཡོད།

    ནགས་ཚལ་མང་དུ་དང་བྱེ་འགྱུར་ཉུང་དུ་ཕྱིན་པའི་རྣམ་པ་ཐོན་ཏེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་རླུང་འགོག་བྱེ་འཇགས་དང་། ས་ཆུ་སྲུང་འཛིན། སྦགས་བཙོག་ཚོད་འཛིན་ནན་པོ་བཅས་བྱས་ཏེ་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད། ཁྱོན་མ་འཇོག་སྒོར་དུང་ཕྱུར་300ཟིན་པའི“གཙང་པོ་གཉིས་དང་ཆུ་བོ་གཅིག”རྒྱུག་ཁུལ་གྱི་ཤིང་འཛུགས་ནགས་བཟོའི་འདུ་འགོད་ཀྱི་འཆར་གཞི་འགོད་བཞིན་ཡོད་པ་དང་དེའི་ནང་ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་ས་སྐྱིད་ཆུ། མྱང་ཆུ། ཡར་ཀླུང་ཆུ་བོ། སེང་གེ་ཁ་འབབ་སོགས་ཚུད་པའི་ཤིང་འཛུགས་ནགས་བཟོ་བྱེད་པའི་དུས་ཚོད་ནི་2014ལོ་ནས་2030ལོ་བར་རེད། དེ་ནི་མིག་སྔའི་བར་མཚོ་བོད་ལྕགས་ལམ་ཕུད་བོད་ཀྱིས་མ་འཇོག་བྱེད་མང་ཤོས་ཀྱི་འདུ་འགོད་ཅིག་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད(2008ལོ་ནས་2030ལོ་བར)》ལ་ཆེད་མངགས་ཆོག་མཆན་སྤྲད་དེ་ལག་ལེན་བསྟར་ཡོད། འཆར་འགོད་ལག་ལེན་བསྟར་ནས་ལོ་དགུ་སོང་རིང་སྤྱི་ཆིང་ཁྲི་864ཟིན་པའི་ས་ཆར་སྐྱས་སྤོས་རྩྭ་གསོ་བྱས་པ་དང་། སྤྱི་ཆིང་ཁྲི་17ཟིན་པའི་འགོག་སྲུང་ནགས་ཚལ་འབུར་དུ་ཐོན་པ། སྤྱི་ཆིང་ཁྲི་35ཟིན་པའི་བྱེ་འགྱུར་ས་ཆ་བཅོས་སྒྲིག་ནུས་ལྡན་བྱུང་བ། གྲོང་གསེབ་ཀྱི་རྫབ་རླངས་ཁག་ཁྲི་23.6ལས་དྭངས་གཙང་ནུས་རྒྱུ་བྱུང་ཡོད་པ་རེད།

    ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་ལམ་ལུགས་ནན་ཤོས་ལ་བརྟེན་ནས་སྣོད་བཅུད་སྲུང་སྐྱོང་བྱས་པ།

    སྣོད་བཅུད་སྲུང་སྐྱོང་བྱེད་པར་ཕུགས་འཕེར་གྱི་ཇུས་གཞི་འདིང་དགོས་ལ་དེ་བས་ངེས་པར་དུ་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་ཀྱང་སྤྱོད་དགོས། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས། བྱ་ཐབས་བཅས་རབ་དང་རིམ་པ་བསྟུད་མར་ཡོངས་བསྒྲགས་ལག་ལེན་བསྟར་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་ཀྱི་མ་ལག་གྲུབ་སྟེ་བོད་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་མ་ཏན་ཏིག་གཏོང་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་ཡོད་པ་རེད།

    ད་ཆ་བོད་ཀྱི་ཆུ་བོ་དང་། མཁའ་རླུང་། ས་རྒྱུ། སྣོད་བཅུད་ཁོར་ཡུག་བཅས་ཀྱི་སྤུས་ཚད་བཟང་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཡར་ཀླུང་གཙང་པོ་དང་གནམ་མཚོ་སོགས་ཀྱི་གཙང་པོ་དང་ཆུ་བོ། མཚེའུ་སོགས་ཀྱི་ཆུའི་སྤུས་ཚད་དེ་རིགས་དང་པོའམ་ཡང་ན་རིགས་གཉིས་པའི་ཆུ་ཁོངས་ཚད་གཞིར་སླེབས་ཡོད། རླུང་ཁམས་ཆེན་པོའི་ཁོར་ཡུག་སྤུས་ཚད་ཐད་རང་བྱུང་ཁམས་ཀྱི་མ་མཐའི་ཚད་གཞི་རྒྱུན་འཁྱོངས་ཐུབ་པ་མ་ཟད། ལྷ་ས་སོགས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཀ་ལེགས་ཚད་ཀྱང་90%ཡན་ཟིན་ཡོད་པ་རེད།

    “དག་ཞིང་མཐའ་མ”སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་བསྐྲུན་པ།

    སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན།

    རྒྱལ་ཡོངས་ནས་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་བོད་ཀྱི་དབུལ་སྐྱོར་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོཌ་ཚུན་བོད་ཀྱིས་སྣོད་བཅུད་ཁ་གསབ་ཀྱི་དབུལ་སྐྱོར་འདི་ཉིད་དབུལ་སྒྲོལ་གྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་པ་དང་། ནགས་སྲུང་དང། རྩྭ་སྲུང་། ཆུ་སྲུང་སོགས་ཀྱི་སྤྱི་ཕན་རང་བཞིན་གྱི་སྣོད་བཅུད་སྲུང་སྐྱོང་ལས་གནས་བཀོད་སྒྲིག་བྱས་པ་དེས་ངལ་རྩོལ་ནུས་ཤུགས་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་འབོར། ཡོང་འབབ་དམའ་བའི་ཞིང་འབྲོག་པ་བཅས་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱུང་ཡོད། ལོ་གཅིག་རིང་བོད་ཀྱིས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་33.6འཆར་འགོད་བཀོད་སྒྲིག་བྱས་ནས་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་ལ་སྤྱད་པ་དང་ལས་གནས་ཁྱོན་ཁྲི་112མཁོ་འདོན་བྱས་ཡོད་པ་རེད།

    ད་ཆ་བོད་དུ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ནང་བརྟན་པོར་ཟུག་པ་དང་། བཅའ་ཁྲིམས་དང་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་འབྲེལ་ལག་ལེན་ནན་པོ་བསྟར་བ། སྣོད་བཅུད་དཔལ་འབྱོར་ལ་བརྟེན་ནས་དབུལ་སྒྲོལ་གོང་འཕེལ་ཡོང་བར་རོགས་རམ་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཏེ་གཙང་པོ་དང་། ཆུ་བོ། ནགས་ཚལ། རྩྭ་ཐང་། འདམ་ར། བདག་ཏུ་མ་བཟུང་བའི་རྩི་ཤིང་དང་སྲོག་ཆགས་སོགས་ལས་རི་ཆུ་དང་ནགས་ཞིང་། མཚེའུ་བཅས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པའི་རང་བྱུང་སྣོད་བཅུད་མ་ལག་ཞི་མཐུན་མཉམ་གནས་ཐུབ་ཡོད། མཛེས་སྡུག་ལྡན་པའི་བོད་ཀྱི་ཁོར་ཡུག་དེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་འབད་འབུངས་ཡར་བརྩོན་འོག་དེ་བས་བཀྲག་མདངས་ལྡན་པར་འགྱུར་ངེས་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།