[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ནག་ཆུ་ས་ཁུལ་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་བྱེད་ཐབས་དངོས་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-04

    “སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་ལོ་ངོ་སྟོང་གི་ཇུས་ཆེན་ཡིན། རྒྱལ་ཡོངས་སམ་ཡང་ན་རང་ངོས་འཕེལ་རྒྱས་གང་ཞིག་གི་ཐོག་ནས་བརྗོད་ནའང་ནག་ཆུའི་རིན་ཐང་ཆེ་ཤོས་སྣོད་བཅུད་དང་འགན་འཁྲི་ཆེ་ཤོས་སྣོད་བཅུད་ཡིན་ལ་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྣོད་བཅུད་ཡིན”ཞེས་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་སངས་རྒྱས་བཀྲ་ཤིས་ཀྱིས་གསུངས། འདི་ལོ་ནག་ཆུ་ས་ཁུལ་གྱིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་སྔར་བས་བརྟན་པོ་བཅངས་ནས་ལས་དོན་ཆེན་པོ་བཞིར་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་མཛེས་སྡུག་ལྡན་པའི་ནག་ཆུ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་རེད།

    སྣོད་བཅུད་སྲུང་སྐྱོང་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་རྒྱུ། མཛེས་སྡུག་ལྡན་པའི་ནག་ཆུ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས་རྒྱལ་ཁབ་ལས་དོན་པས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ལས་དོན་ཐེངས་གཉིས་པ་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱ་རྒྱུ་དང་། ནག་ཆུས་ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ས་ཆ་སྟོང་པ་ཡོད་སར་རྩི་ཤིང་འདེབས་རྒྱུ་མཐའ་འཁྱོངས་དང་། རྩྭ་འདེབས་རྒྱུར་འཚམ་ན་རྩྭ་འདེབས་པ་དང་ཤིང་འཛུགས་རྒྱུར་འཚམ་ན་ཤིང་འཛུགས་པ། དབྱི་ལི་ཚོགས་པར་ས་བབ་མཐོ་བའི་ས་ཁུལ་དུ་ཤིང་འཛུགས་པའི་ཚན་རྩལ་གྱི་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་པ། དམངས་ཡོངས་རྩྭ་འདེབས་ཤིང་འཛུགས་ནང་ཞུགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆ་རྐྱེན་ཚང་བའི་ས་ཆར“ཤིང་མེད་དུད་ཚང”མེད་པ་བཟོ་རྒྱུ།

    ཁོར་ཡུག་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་ཆེན་པོ་རྒྱག་རྒྱུ། དམངས་ཡོངས་ཀྱིས་མཉམ་བཅོས་དང་འབྱུང་རྩ་ནས་སྔོན་འགོག་མཐའ་འཁྱོངས་དང་། “རྡོ་སོལ་མེད་པ་བཟོ་བ”དང“ལྕི་བ་མེད་པ་བཟོ་བའི”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་རྒྱུན་མཐུད་ངང་ལག་ལེན་བསྟར་བ་བཅས་བྱས་ཏེ་གནམ་སྔོ་སྲུང་བའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དང་། “ཆུ་དཔོན་ལམ་ལུགས”དང“མཚོ་དཔོན་ལམ་ལུགས”ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཆུའི་སྦགས་བཙོག་མགྱོགས་མྱུར་འགོག་བཅོས་བྱས་ནས་དྭངས་གཙང་ཆུ་མོ་ཤང་ཤང་དུ་རྒྱུག་པའི་འགན་ལེན་བྱ་རྒྱུ།

    ལྗང་མདོག་འཕེལ་རྒྱས་ལ་ཤུགས་སྣོན་ཆེན་པོ་རྒྱག་རྒྱུ། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་རེས་འཁོར་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་ལག་ལེན་བསྟར་བ་དང་ནུས་རྒྱུའི་ཟད་གྲོན་དང་དངོས་རྫས་ཟད་གྲོན་དམའ་རུ་བཏང་ནས་ཐོན་སྐྱེད་རྒྱུད་རིམ་དང་འཚོ་བའི་རྒྱུད་རིམ་གྱི་རེས་འཁོར་སྦྲེལ་ཐག་མངོན་འགྱུར་ཐུབ་པ་བྱ་རྒྱུ། སྟབས་བདེ་ཚད་རན་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་རྒྱས་སྤྲོས་འཕྲོ་བརླག་དང་ལུགས་དང་མི་མཐུན་པའི་འཛད་སྤྱོད་ལ་ངོ་རྒོལ་བྱས་ཏེ་གྲོན་ཆུང་རྣམ་པའི་ལས་ཁུངས་དང་། ལྗང་མདོག་ཁྱིམ་ཚང་། ལྗང་མདོག་སློབ་གྲྭ ལྗང་མདོག་གྲོང་ཚོ(གྲོང་ལྷན) ལྗང་མདོག་ཕྱིར་ཐོན་སོགས་ཀྱི་བྱ་སྤྱོད་གཏོད་རྒྱུ།

    སྣོད་བཅུད་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་ཆེན་པོ་རྒྱག་རྒྱུ། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་ཆོག་འཐུས་ལམ་ལུགས་དང་། ཁོར་ཡུག་སྲུང་སྐྱོང་གི“སྤ་སི་གཅིག་གིས་ཁྲུ་སློག་གཏོང་བའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས“མཐོ་གསུམ”རྣམ་གྲངས་ནག་ཆུར་འཇུག་རྒྱུ་གཏན་འགོག་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ཕྱོགས་ཡོངས་ནས་ལག་བསྟར་དང་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་མཁན་ལ་ཚེ་གང་རྩད་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱས་ནས་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་བྱེད་སྤྱོད་ཤེས་རྟོགས་གཅིག་བྱུང་ཚེ་ཞིབ་བཤེར་ཐག་གཅོད་གཅིག་བྱ་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།