[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • རི་འཛེག་དུས་ཚིགས་ཤར་བས་ཇོ་རིའི་བྱང་འདབས་སུ“གད་ཕྱིས་ཀྱི་བྱེད་སྒོ་ཆེན་པོ”སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-29

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཧི་མ་ལ་ཡའི་རི་ཁུལ་དུ་2018ལོའི་དཔྱིད་དུས་ཀྱི་རི་འཛེག་བྱེད་སྒོ་སྤེལ་འགོ་ཚུགས་ཡོད། མིག་སྔར་ཀྲུང་གོའི་བོད་ལྗོངས་སུ་གནས་པའི་ཇོ་མོ་གླང་མའི་བྱང་འདབས་སོགས་རི་ཁུལ་དུ་གད་སྙིགས་ཕྱགས་པའི་བྱེད་སྒོ་སྔ་རྗེས་སུ་སྤེལ་བཞིན་ཡོད། འབྱུང་འགྱུར་འབྲེལ་ཡོད་སྡེ་ཚན་གྱིས་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་དེ་བས་མང་བ་བཏོན་ནས་རི་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་བྱ་རྒྱུ་རེད།

    ས་བབ་མཐོ་ཚད་སྨི་5200ཡོད་པའི་ཇོ་རིའི་བྱང་འདབས་སྒར་ས་ཆེ་མོར་བོད་རང་སྐྱོང་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བ་བསོད་ནམས་ཀྱིས་གསར་འགོད་པར་ལུས་རྩལ་སྡེ་ཚན་གྱིས་ཇོ་རི་གནས་ཡུལ་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་དང་མཉམ་དུ་ལོ་ལྟར་གད་སྙིགས་གཙང་ཕྱགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། འདི་ལོ་ས་བབ་མཐོ་ཚད་སྨི་5800ཡོད་པའི་བར་བརྒལ་སྒར་ཁུལ་མན་ཆད་དུ་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་འགན་འཁུར་རྒྱུ་དང་དེའི་སྒང་གི་ས་བབ་མཐོ་ཁུལ་ས་ཁོངས་སུ་ཚོང་ལས་རི་འཛེག་ཞབས་ཞུའི་སྒྲིག་གཞི་བོད་ལྗོངས་ཡར་ལྷ་ཤམ་པོ་མྱུལ་དཔྱད་ཀུང་སིས་འགན་འཁུར་རྒྱུ་རེད། ས་བབ་མཐོ་ཚད་སྨི་6500ཡོད་པའི་མདུན་སྐྱོད་སྒར་ཁུལ་དང་དེའི་མན་ཆད་དུ་འཚོ་བའི་གད་སྙིགས་སྒྲུག་རྒྱུ་དང་སྨི་6500ཡན་དུ་བེད་མེད་རི་འཛེག་ཟོག་རོ་གཅིག་སྡུད་ཐོག་ཚུར་བསྡུ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    བསོད་ནམས་ཀྱིས“འཚོ་བའི་གད་སྙིགས་སྒར་ས་ཆེ་མོར་དབོར་རྗེས་ཚུར་བསྡུ་ཆོག་པ་དང་བསྡུ་མི་ཆོག་པའི་དབྱེ་བ་ཕྱེ་སྟེ་རྩིས་ཁྲ་བཟོ་བ་དང་ལྗིད་ཚད་ཐོ་འགོད་ཀྱིས་ཇོ་རིའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཅུས་སུ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ་རེད། ས་བབ་མཐོ་ཁུལ་གྱི་བེད་མེད་གུར་དང་ཐག་པ་སོགས་གཅིག་གྱུར་ཐོག་ལྷ་སར་དབོར་ནས་ལུས་རྩལ་སྡེ་ཚན་གྱིས་ཕམ་ཚོང་བརྒྱབ་པའམ་ཡང་ན་སྒྱུ་རྩལ་ཐོན་རྫས་བཟོས་ནས་ཟོག་རོ་ནོར་བུར་འགྱུར་བ་བྱ་རྒྱུ་དེ་རི་འཛེག་རིག་གནས་ཕྱོགས་སུ་སྣུར་སྲིང་བྱ་རྩིས་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་འདི་ལོ་རི་འཛེག་སྣེ་ཤན་པ་དང་མཐུན་སྦྱོར་པ་དང་དེ་བཞིན་ས་གནས་དེ་གའི་ཞིང་འབྲོག་པ་ལས་གྲུབ་པའི་ཇོ་རིའི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་རུ་ཁག་བཙུགས་ཡོད་པ་རེད། ཞིང་འབྲོག་པས་ཉིན་ལྟར་སྒར་ཁུལ་དུ་གད་སྙིགས་སྒྲུག་ཚེ་ཡོང་འབབ་ཡོང་གི་ཡོད། རི་འཛེག་མཐུན་ཚོགས་ཀྱི་རི་ཁུལ་དུ་ཡོད་པའི་ལས་དོན་པའང་དེའི་ཁྲོད་ཞུགས་པ་མ་ཟད་ཆེད་མངགས་འབྲེལ་གཏུག་པ་བཟོས་ནས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁུར་གྱི་ཡོད།

    བོད་ལྗོངས་ཡར་ལྷ་ཤམ་པོ་མྱུལ་དཔྱད་ཀུང་སིས་སྣེ་ཤན་པ་དང་མཐུན་སྦྱོར་པར་ག་དུས་ཡིན་རུང་གད་སྙིགས་སྒྲུག་དགོས་པ་མ་ཟད་གད་སྙིགས་སྒྲུག་སའི་ས་བབ་མཐོ་ཚད་དང་ལྗིད་ཚད་གཞིར་བཟུང་དེ་མཚུངས་ཀྱི་བྱ་དགའི་ཚད་གཞི་བཟོ་དགོས་པའི་སྐུལ་མ་བཏང་ཡོད། ཀུང་སིས་ཟླ་4པའི་ཟླ་འགོ་ནས་བཟུང་གཞི་ཁྱོན་ཆེ་བའི་འཚོ་བའི་གད་སྙིགས་གཙང་ཕྱགས་ཐེངས་4བྱས་པ་དང་ཉེ་དུས་ཟླ་4ཚེས་11ཉིན་ཕྱགས་པའི་གད་སྙིགས་སྤྱི་རྒྱ་120ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།