[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་གཙོད་གནས་སྤོ་བྱེད་སྐབས་ཀྱི་སྲུང་སྐྱོང་རུ་ཁག་ཐོག་མ་དེ་བཙུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-25

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྨུག་པའི་སོག་ལམ་སྲུང་སྐྱོང་ས་ཚིགས་སུ་འབྲོག་པའི་སྣོད་བཅུད་དོ་དམ་སྲུང་སྐྱོང་མི་སྣ་40ལས་གྲུབ་པའི་གཙོད་གནས་སྤོ་བྱེད་སྐབས་ཀྱི་སྲུང་སྐྱོང་རུ་ཁག་ལ་དར་ཆ་སྤྲད་པ་རེད། སྲུང་སྐྱོང་རུ་ཁག་དེས་ལོ་རེའི་གཙོད་གནས་སྤོ་བྱེད་པའི་དུས་ཚིགས་ཤར་སྐབས་རྒྱང་རིང་ནས་གཙོད་ཕྲུག་ལ་ལྟ་སྲུང་བྱས་ཏེ་གཙོད་ཁྱུ་རྣམས་ཉེ་འཁོར་གྱི་འཚོ་སྡོད་ཁུལ་དང་དེ་བཞིན་གཙོད་ཕྲུག་སྐྱེ་ས་གཙོད་གནས་མཚོའི་བར་དུ་བདེ་འཇགས་ངང་འགྲོ་འོང་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོ་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཧན་ཅན་ཝུའུ་ཡིས་ཉེ་ཆར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་གཙོད་གནས་སྤོ་བྱེད་སྐབས་ཀྱི་སྲུང་སྐྱོང་རུ་ཁག་ཐོག་མ་དེ་བཙུགས་པ་མ་ཟད། ཁོ་ཚོར་དགོས་ངེས་ཀྱི་འགན་ལེན་དངོས་ཟོག་ཀྱང་སྤྲད་ཡོད། གོམ་སྟབས་རྗེས་མར་རུ་ཁག་དེས་རང་བྱུང་གི་ཆོས་ཉིད་ལ་བརྩི་འཇོག་དང་གཙོད་ལ་འདྲོགས་འགོ་མི་སློང་བའི་རྨང་གཞིའི་ཐོག སྒྲིག་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་གཙོད་ཁྱུ་རྣམས་གནས་སྤོ་བྱེད་སྐབས་གཡས་གཞོགས་གཡོན་འདེགས་ཀྱིས་དུས་ཐོག་ཏུ་འཕྲལ་འདོམས་སྐྱོབ་སྲུང་དང་ཐག་གཅོད་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་རྒྱུ་རེད་ཅེས་བཤད།

    ཧན་ཅན་ཝུའུ་ཡིས་གཙོད་སྲུང་སྐྱོང་རུ་ཁག་གིས་ཆེད་ལས་ཀྱི་ལྟ་ཞིབ་ཚད་ལེན་ཡོ་བྱད་སྤྱད་དེ་གཙོད་ཀྱི་རིགས་ཁྱུའི་ཁ་གྲངས་ལྟ་ཞིབ་དང་གོམས་གཤིས་ཤེས་རྟོགས་བྱས་ཏེ་གནས་སྤོའི་བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་བཀོད་ནས་འབྲེལ་ཡོད་དཔྱད་གཞི་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བའི་རྨང་གཞིའི་ཐོག་གཞི་རྩའི་གྲངས་གཞིའི་མཛོད་འཛུགས་རྒྱུ་རེད་ཅེས་བཤད། གོམ་སྟབས་རྗེས་མར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྲུང་སྐྱོང་རུ་ཁག་གི་རུ་མི་རྣམས་ལ་སྐོར་ཞིབ་སྲུང་སྐྱོང་སྒྲིག་ཆས་སྔར་བས་མང་བ་སྤྲོད་རྒྱུ་དང་། ཁོ་ཚོར་ཕྱི་རོལ་ཏུ་འཚོ་གནས་བྱེད་སྟངས་དང་འཕྲལ་འདོམས་སྐྱོབ་སྲུང་སོགས་ཀྱི་ཆེད་ལས་གསོ་སྦྱོང་བྱེད་རེ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།