[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཡས་གཞོགས་གཡོན་འདེགས་བྱས་། མཛེས་སྡུག་ཁྱིམ་གཞིས་བསྐྲུན།

    —— སྤུ་ཧྲེང་རྫོང་གཞུང་པ་གྲོང་ཚོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-26

    སྤུ་ཧྲེང་རྫོང་བར་ག་ཤང་གཞུང་པ་གྲོང་ཚོ་ནི་གཡུ་ཡི་རླབས་ཕྲེང་མཁའ་ལ་འཕྱོ་བའི་མ་ཕམ་གཡུ་མཚོའི་འགྲམ་དུ་ཆགས། དེ་གར་ལོ་ལྟར་ཡུལ་སྐོར་དུ་ཡོང་མཁན་བགྲང་གིས་མི་ལངས་བ་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། ལྷག་པར་དུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མ་རྒྱལ་པོའི་སྣེ་ཁྲིད་འོག་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང“ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན”བྱེད་པའི་བསམ་ཕྱོགས་ཟབ་ཏུ་བཏང་བས། རི་བོ་སྔོ་ལ་ཆུ་མོ་དྭངས་བར་སྲུང་སྐྱོང་ཡག་པོ་ཐུབ་པ་མ་ཟད། དེ་ཉིད་གཞུང་པ་གྲོང་ཚོ་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི་གསེར་རི་དངུལ་རིར་གྱུར་ནས་མ་ཕམ་གཡུ་མཚོའི་ངོགས་ཀྱི་བཀྲག་མདངས་འཚེར་བའི་མུ་ཏིག་ཅིག་དང་གཉིས་སུ་མ་མཆིས།

    2015ལོ་ནས་བཟུང་། གཞུང་པ་གྲོང་ཚོའི་འགོ་ཁྲིད་ཀྱིས་གྲོང་མིར་ཐ་མག་གཅོད་དགོས་པའི་ཁ་ཏ་བྱས་པ་དང་། པད་མ་རྒྱལ་པོ་དང་གྲོང་ཚོའི་ལས་བྱེད་པས་ཐ་མག་འཐེན་མཁན་མང་ཚོགས་མི་རེ་ངོ་རེའི་ཁྱིམ་དུ་བསྐྱོད་ནས་ཐ་མག་འཐེན་པའི་ཉེས་པ་དང་ཐ་མག་གི་རོ་ཏོ་གང་བྱུང་དབྱུགས་ན་ཁོར་ཡུག་ལ་གཏོར་བཤིག་ཕོག་པའི་གནས་ལུགས་བཤད། ཁོང་ཚོས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། གྲོང་ཚོ་ཡོངས་ཀྱི་ཐ་མག་འཐེན་མཁན་ཚང་མས་ཐ་མག་བཅད་པ་དང་། ཚོང་དུད་ཀྱིས་ཀྱང་རང་མོས་ངང་ཐ་མག་ཚོང་མཚམས་བཞག་པས། གཞུང་པ་གྲོང་ཚོ་དེ་ཉིད་སྤུ་ཧྲེང་ཙམ་མ་ཟད་ཐ་ན་མངའ་རིས་ས་ཁུལ་གྱི་ཐ་མག་འཐེན་མཁན་མེད་པའི་གྲོང་ཚོ་དང་པོར་གྱུར།

    སྔོན་མ་མང་ཚོགས་ཚོས་རང་འཚམ་ངང་སྡོད་ཁང་དང་མགྲོན་ཁང་རྒྱག་པའི་གནད་དོན་ལ་དམིགས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དུས་ཐོག་ཏུ་བཀག་འགོག་བྱས་པ་དང་། མང་ཚོགས་ལ་རང་མོས་ངང་སྒྲིག་འགལ་སྐྲུན་དངོས་བཤིག་དགོས་པའི་ཁྲིད་སྟོན་བྱས་པ་མ་ཟད། སྤུ་ཧྲེང་རྫོང་སྲིད་གཞུང་ལ་རྒྱའུ་ཚོགས་ཆུང་དུ་སྔོན་ལ་སྐྲུན་དངོས་སྒྱུར་བཀོད་བྱ་རྒྱུའི་རེ་ཞུ་ཕུལ་བས། གྲོང་ཚོའི་རྣམ་པ་གཙང་ཞིང་གྲལ་བསྟར་འགྲིག་པོར་གྱུར།

    པད་མ་རྒྱལ་པོ་ཉིན་གཅིག་ཀྱང་ལྷོད་པོར་སྡོད་པའི་སྐལ་བ་མེད། གྲོང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་བསམ་བློ་གཏོང་དགོས་པ་ཕུད། ད་དུང་ཁོམ་པ་ཡོད་སྐབས་གཙང་འགྲམ་དུ་འོམ་བུ་ཤིང་འདེབས་པར་འགྲོ་གི་ཡོད། ཤིང་འཛུགས་ཞོར་དུ་མཚོ་འགྲམ་གྱི་གད་སྙིགས་སྒྲུག་གི་ཡོད། ཁོང་གི་སྐུལ་ཁྲིད་འོག་གཞུང་པ་གྲོང་ཚོའི་མང་ཚོགས་ལའང་རང་འགུལ་ངང་མཚོ་འགྲམ་དུ་གད་སྙིགས་སྒྲུག་པའི་གོམས་ཤིས་བཟང་པོ་ཞིག་འཇགས་པ་མ་ཟད། གཟའ་འཁོར་རེའི་གཟའ་མིག་དམར་ལ་གཅིག་སྡུད་དུ་གད་སྙིགས་སྒྲུག་པའི་ལམ་ལུགས་བཟོས་པས། མ་ཕམ་གཡུ་མཚོའི་འདམ་ར་སྲུང་སྐྱོང་ཁུལ་ཉེ་འགྲམ་གྱི་ཁོར་ཡུག་སྐྱིད་སྣང་དོད་དུ་ཕྱིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།