[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • རིན་ཆེན་སྒང་གྲོང་ཚོ།

    ཚང་ཚིང་ནགས་ཁྲོད་ཀྱི་ཕྱུག་འགྱུར་གླུ་དབྱངས་སྙན་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-28

    579868_yis_1545735660012.jpg

    རིན་ཆེན་སྒང་གྲོང་ཚོའི་ཟུར་ཞིག

    རིན་ཆེན་སྒང་གྲོང་ཚོར་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་579.7དང་མི་547ལས་མེད་པས་རྒྱ་ཧ་ཅང་ཆུང་། ཡིན་ནའང་དེ་གར་ཡིད་དབང་འཕྲོག་པའི་གཏམ་རྒྱུད་མང་པོ་ཐོས་རྒྱུ་ཡོད་པས་རྒྱ་ཆེན་པོ་ཡོད་པའི་ཚོར་སྣང་མི་སྐྱེ་ག་ལ་སྲིད།

    རྒྱལ་ཁབ་ལ་བརྩེ་སེམས་བཅངས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ།

    རིན་ཆེན་སྒང་གྲོང་ཚོར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་ལྟར་མི་རབས་མང་པོ་མེས་རྒྱལ་གྱི་མཐའ་མཚམས་སུ་གཞིས་ཆགས་ནས་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་བྱེད་མཁན་མི་ཉུང་བ་ཞིག་ཡོད།

    “ཕྱུགས་འཚོ་མཐའ་སྲུང་ནི་ངའི་ཆུང་དུས་ཀྱི་ཕུགས་བསམ་ཡིན། ཕ་མེས་ཚོ་དང་འདྲ་བར་ངས་མུ་མཐུད་ཁྱིམ་ཚང་ཡག་པོ་སྲུང་བ་དང་རྒྱལ་ཁབ་ཡག་པོ་བསྲུང་རྒྱུ་ཡིན” ལོ་25ལ་སླེབས་པའི་སྐལ་བཟང་བསྟན་འཛིན་གྱི་ངོ་གདོང་ལས་མི་རྣམས་ལ་འགྱུར་མེད་ཀྱི་བློ་སྟོབས་དང་སྤོབས་སེམས་ཀྱི་སྣང་བ་ཞིག་སྦྱིན། སྐལ་བཟང་བསྟན་འཛིན་ཧ་གཉིད་གོ་བ་ནས་བཟུང་ཁོང་གི་ཕ་མེས་ཚོས་ཕྱུགས་འཚོ་གིན་མཐའ་མཚམས་བསྲུངས་ནས་སྤྱི་ལེ་40ལྷག་ཙམ་ཡོད་པའི་མཐའ་མཚམས་ཀྱི་ལམ་ཐིག་རྐང་ཐང་མར་འཇལ། ཕ་མེས་ཚོས་ཕྱུགས་འཚོ་མཐའ་སྲུང་གི་དཀའ་ཉེན་དང་དོན་སྙིང་ཤོད་རིམ་བཞིན་སྐལ་བཟང་བསྟན་འཛིན་ནམ་རྒྱུན་དང་མི་འདྲ་བར་ཧ་ཅང་དགའ་པོ་ཡོང་གི་ཡོད། སློབ་འབྲིང་ཐོན་རྗེས་སྐལ་བཟང་བསྟན་འཛིན་གྱིས་འགྱོད་སེམས་གང་ཡང་མེད་པར་ཕ་དང་མཉམ་དུ་ཕྱུགས་འཚོ་མཐའ་སྲུང་གི་ལས་ལ་ཞུགས་ཤིང་། ད་ཆ་ཕྱུགས་འཚོ་མཐའ་སྲུང་ནི་ཁོ་པའི་འཚོ་བའི་ཁྲོད་ཀྱི་མེད་དུ་མེད་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད།

    ཕྱུགས་འཚོ་མཐའ་སྲུང་བྱེད་པ་ཕུད། ད་དུང་མི་ཁག་གཅིག་གིས་བྱ་ཐབས་གཞན་དག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ས་ཆ་སྲུང་བཞིན་ཡོད། རིན་ཆེན་སྒང་གྲོང་ཚོའི་བདེ་སྐྱིད་དང་། ཕུར་ཚེ། ཚེ་རིང་ཆོས་སྒྲོན་བཅས་གསུམ་གྱིས་1982ལོ་ནས་བཟུང་། གྲང་རླུང་དང་གངས་འཁྱགས་ལ་མི་འཛེམ་པར་ལག་པ་དང་དཔུང་པར་ཅ་ལག་འཁྱེར་ཏེ་གྲོ་མོ་རྫོང་བྲག་ཉག་སོ་ལྟ་ཁང་གི་དཔོན་དམག་ལ་སྔོ་ཚལ་སོས་པ་དང་འཕྲིན་ཡིག་སྐྱེལ་བར་འགྲོ་གི་ཡོད། ཁོང་ཚོས་ཀྱག་ཀྱོག་གི་རི་ལམ་བརྒྱུད་ནས་ས་བབ་མཐོ་ཚད་སྨི་2800ཙམ་ནས་སྨི་4600ལྷག་ཙམ་ཟིན་པའི་བར་སྐྱོད་པའི་བྱ་བ་དེ་ལོ་36མཐའ་འཁྱོངས་བྱས་ཡོད། གཞོན་ནུའི་དུས་ནས་མགོ་སྐྲ་དཀར་པོར་གྱུར་བའི་བར་སྔ་རྗེས་སུ་སོ་ལྟ་ཁང་དུ་ཚལ་ཏུན་100ལྷག་ཙམ་བསྐྱལ་བ་དང་ཕར་འགྲོ་ཚུར་འོང་སྤྱི་ལེ་ཁྲི་6ལྷག་ཙམ་བྱས་ཡོད།

    རིན་ཆེན་སྒང་གྲོང་ཚོར་དེ་དང་འདྲ་བའི་གཏམ་རྒྱུད་མང་པོ་ཐོན་ཡོད་པ་དང་གྲོང་མི་ཚང་མ་ནི་མཐའ་སྲུང་བ་ཡིན་པ་དང་མི་ཚང་མ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ཡོད།

    སྙིང་སྟོབས་སྐྱེས་སུ་ཕུལ་ནས་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་བྱེད་པ།

    རིན་ཆེན་སྒང་གྲོང་ཚོར་ནགས་ལས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཁྱབ་རྒྱ་ཆེན་པོ་ཡོད་པས་ཡུལ་དེ་གའི་མང་ཚོགས་ལ་མཚོན་ན་དེ་ནི་རང་བྱུང་ཁམས་ཀྱིས་ཁོང་ཚོར་སྤྲད་པའི་ལག་རྟགས་ཤིག་རེད།

    འདི་ལོ་ལོ་56ལ་སླེབས་པའི་སྤེན་པ་ཚེ་རིང་ནི་རིན་ཆེན་སྒང་གྲོང་ཚོའི་ནགས་སྲུང་བ་ཞིག་རེད།

    དཔུང་རྟགས་བཏགས་ནས་ཟ་ཆས་འཁྱེར་ཏེ་སྤེན་པ་ཚེ་རིང་སྐོར་ཞིབ་ཀྱི་ལས་ལ་གཞོལ། སྤེན་པ་ཚེ་རིང་གིས“སྐོར་ཞིབ་བྱེད་ཐེངས་ཚང་མར་མི་ལྔ་དྲུག་བསྐྱོད་པ་དང་། ཕར་འགྲོ་ཚུང་འོང་བྱེད་པར་ཉིན་གཅིག་འགོར་གྱི་ཡོད། ལྷག་པར་དུ་དགུན་ཁ་གནམ་གཤིས་སྐམ་ཤས་ཆེ་བས་གཟབ་གཟབ་མ་བྱས་ཚེ་མེ་སྐྱོན་ཐོན་ཉེན་ཡོད། ལས་ཀ་དེ་འགོ་ཚུགས་མ་ཐག་ནས་འགན་འཁྲི་ལྕི་པོ་ཡོད་པ་མཚོན་ཡོད། ནགས་ཚལ་སྲུང་སྐྱོང་བྱ་རྒྱུ་ནི་འཚོ་སྡོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་དང་མི་རབས་རྗེས་མར་སྲུང་སྐྱོང་བྱེད་པ་ཞིག་ཡིན”ཞེས་བཤད།

    འགན་འཁྲི་དེར་དམིགས་ནས་སྤེན་པ་ཚེ་རིང་གིས་ལས་ཀ་དེ་ལོ་26བྱས་པ་དང་འབྲེལ་མུ་མཐུད་བརྟན་སྲུང་བྱེད་བཞིན་ཡོད།

    “ད་ཆ་ང་ཚོའི་གྲོང་ཚོར་ནགས་སྲུང་བ་ཁྱོན་120ཙམ་ཡོད་པ་དང་མི་གྲངས་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་ལ། ང་ཚོའི་གྲོང་ཚོར་ལོ་29རིང་ནགས་ཚལ་གྱི་མེ་སྐྱོན་ཐོན་མྱོང་མེད། གྲུབ་འབྲས་དེ་དག་ཚང་མ་ནི་གྲོང་མི་ཚོའི་ལེགས་སྐྱེས་ཀྱི་སྙིང་སྟོབས་དང་འགན་འཁྲིའི་བསམ་པ་ལས་བྱུང་བ་ཞིག་ཡིན”ཞེས་རིན་ཆེན་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྣམ་རྒྱལ་གྱིས་བཤད།

    མིག་སྔའི་བར་རིན་ཆེན་སྒང་གྲོང་ཚོའི་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་6.3ལྷག་ཙམ་ཟིན་པ་དང་། སྡོང་ཕྲུག་རྒྱ་ཁྱོན་མུའུ་ཁྲི་2.2ཟིན་པ། ནགས་ཚལ་ཁྱབ་ཁྱོན་91.41%ཟིན་ཡོད་པས་ས་ཆ་ཚང་མ་སྔོ་ཞིང་དྭངས་བའི་རི་ཆུར་གྱུར་ཡོད།

    ཐོན་ལས་ལ་འདེགས་སྐྱོར་གྱིས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིན་ཆེན་སྒང་གྲོང་ཚོའི་གྲོང་མིའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད། སྣོད་བཅུད་ཁོར་ཡུག་བཟང་པོར་བརྟེན་ནས་མེ་ཏོག་ཐོན་ལས་ཡུལ་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི“ནོར་མཆོག”ལྟ་བུར་གྱུར་ཡོད།

    འདི་ལོ་ལོ་50ལ་སླེབས་པའི་སྤེན་པ་ཚེ་རིང(གྲོང་ཚོའི་ནང་གི་མིང་གཅིག་པའི་མང་ཚོགས)ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་མཚོན་བྱེད་ཅིག་ཡིན། རིན་ཆེན་སྒང་གྲོང་ཚོར་མེ་ཏོག་འདེབས་འཛུགས་བྱས་ནས་ལོ་དྲུག་བདུན་སོང་ཡོད།

    “མེ་ཏོག་ཧོ་ཀྲིན་ནི་ང་ཚོའི་ཡུལ་དེའི་ཁྱད་ཆོས་ཤིག་ཡིན། ང་ཚོའི་ས་ཆར་སྐྱེ་འཚར་ཐུབ་པས་མེ་ཏོག་ཧོ་ཀྲིན་འདེབས་འཛུགས་ནི་གསོན་ཤུགས་ལྡན་པའི་རྣམ་གྲངས”ཤིག་ཡིན་ཞེས་སྤེན་པ་ཚེ་རིང་གིས་བཤད། 2012ལོར་སྤེན་པ་ཚེ་རིང་གིས་མེ་ཏོག་འཁྱེར་ནས་གཞིས་རྩེ་གྲོང་ཁྱེར་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཞུགས་ཏེ་ཁྲོམ་རར་ཚོད་ལྟའི་ངང་ཕྱིར་འཚོང་བྱས་ཡོད། ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་བས་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་རྙེད། སྤེན་པ་ཚེ་རིང་གིས་ཐབས་ཤེས་དེ་གྲོང་མི་ཚོར་བཤད་པས་ཤང་གི་རྒྱབ་སྐྱོར་ཆེན་པོ་ཐོབ་སྟེ་མཉམ་སྡེབ་ས་ཞིང་ནས་ཆེད་མངགས་སྤེན་པ་ཚེ་རིང་ལ་མེ་ཏོག་འདེབས་སའི་འགྱིག་ཤོག་དྲོད་ཁང་ཆེ་མོ་བསྐྲུན་པ་དང་ལོ་གཅིག་ལ་བོགས་གླ་སྒོར་1000ཙམ་རེད།

    དེ་ལྟར་སྤེན་པ་ཚེ་རིང་གི་མེ་ཏོག་ཐོན་ལས་འཕེལ་རྒྱས་ཇེ་ལེགས་སུ་ཕྱིན། སྤེན་པ་ཚེ་རིང་གིས“ན་ནིང་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཞུགས་པར་གཟའ་འཁོར་གཅིག་ལ་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ཙམ་བྱུང”ཞེས་དགའ་སྤྲོའི་ངང་བཤད།

    ད་ཆ་རིན་ཆེན་སྒང་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.5ཙམ་ཟིན་པ་དང་བསྟུད་མར་ལྡབ་གཅིག་འཕར་ཏེ་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་གསར་པ་ཞིག་ས་མཐོར་རིམ་གྱིས་ཆགས་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།