[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གངས་ལྗོངས་ས་མཐོའི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་མཉམ་དུ་སྲུང་སྐྱོང་བྱེད།

    ​ — བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཁྲེན་ཅིང་།    |    སྤེལ་དུས།   2019-04-05

    དཔྱིད་ཀ་ཤར་བ་དང་བསྟུན་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་གཞོགས་གཉིས་སུ་རྩྭ་ཕྲན་སྔོ་ཐིང་ཐིང་གྱུར་ཡོད། བོད་ལྗོངས་རིམ་མཐོའི་གཞུང་ལམ་དོ་དམ་ཅུས་བྲག་ཡིབ་མྱུར་བགྲོད་གཞུང་ལམ་བདག་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཀའོ་ཅིས་གསར་འགོད་པར“རྩྭ་འདི་དག་གསར་དུ་བཏབ་པ་ཞིག་མ་ཡིན་པར་གཞུང་ལམ་སྐྲུན་སྐབས་སྔར་ཡོད་ཀྱི་སྤང་རྩྭ་ལྷེབ་ཙམ་ལྷེབ་ཙམ་བྱས་ཏེ་བཀོག་པ་དང་། རིམ་པ་དབྱེ་ནས་ཡང་བསྐྱར་བསྒྲིགས་པ་ཞིག་རེད། དེ་ལྟར་བྱེད་དོན་ནི་བོད་ཀྱི་གདོད་མའི་སྔོ་ཁེབས་སྲུང་ཆེད་རེད”ཅེས་བརྗོད།

    ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོའི་གྲོང་མིས་གད་སྙིགས་དབོར་འདྲེན་འཕྲུལ་འཁོར་གྱི“ཏིར་ཏིར”ཞེས་པའི་སྒྲ་ཐོས་མ་ཐག་གད་སྙིགས་སྙིགས་འཁོར་དུ་སྐྱེལ་བར་ཡོང་བའི་གོམས་གཤིས་ཤིག་འཇགས་ཡོད། གྲོང་མི་སྐལ་བཟང་དབང་ཕྱུག་གིས་གསར་འགོད་པར“སྔོན་ཆད་གད་སྙིགས་དབོར་འདྲེན་བྱེད་མཁན་མེད་པས་གྲོང་ཚོའི་ཁུག་ཆ་ཚང་མར་གད་སྙིགས་ཀྱིས་ཁེངས་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ད་ཆ་གྲོང་མི་ཚོའི་སྐད་འཕྲིན་ཚོགས་པར་གཟའ་འཁོར་རེའི་སྙིགས་འཁོར་སླེབས་པའི་དུས་ཚོད་རེའུ་མིག་བཏང་ཡོད་པས། གད་སྙིགས་གཙང་སེལ་བྱེད་བདེ་རུ་ཕྱིན་ཡོད་ལ་གྲལ་འགྲིག་པའི་གྲོང་ཚོའི་རྣམ་པ་སྲུང་སྐྱོང་དང་བདག་སྐྱོང་ཡག་པོ་བྱེད་པར་དོ་སྣང་བྱེད་མཁན་ཡང་ཇེ་མང་དུ་སོང་ཡོད་ཅེས་བརྗོད། “བོད་ཀྱི་གད་སྙིགས་རིགས་དབྱེའི་གྲོང་ཚོ་ཨང་དང་པོར”འབོད་པའི་ལྷ་ས་གྲོང་ཁྱེར་མལ་གྲོང་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་ལོ་46ལ་སླེབས་པའི་གྲོང་མི་ཚེ་སྒྲོན་གྱིས་གསར་འགོད་པར“སྒོ་འགྲམ་གྱི་སྙིགས་གཞོང་ཐལ་སྐྱ་དང་ལྗང་གུ་བླུགས་སྒམ་གཉིས་ཁ་ཕྱེ་ནས་ཐལ་སྐྱར་ཚུར་བསྡུ་ཆོག་པའི་འགྱིག་དམ་དང་ཤོག་སྒམ་བླུག་པ་དང་ལྗང་གུར་འཚོ་བའི་གད་སྙིགས་དང་ས་རྡོ་བླུག་གི་ཡོད། ཚུར་བསྡུ་ཆོག་པའི་གད་སྙིགས་རྣམས་གྲོང་ཚོ་ཨུ་ལྷན་དུ་བསྐྱལ་ཚེ་ད་དུང་བྱ་དགའ་སྤྲོད་ཀྱི་ཡོད་པ་སྟེ་གད་སྙིགས་རྩྭ་རས་གང་ལ་དག་ཕྱེ་ཤོག་ཆག་5སྤྲོད་ཀྱི་ཡོད་པ་དང་། གལ་ཏེ་གད་སྙིགས་རིགས་དབྱེ་ཡག་པོ་མ་བྱུང་ཚེ་གྲོང་ཚོའི་ཚོགས་ཆེན་ཐོག་ཞིབ་བཤེར་བྱེད་ཀྱི་ཡོད”ཅེས་བརྗོད།

    2010ལོར་སྤྱོད་འགོ་ཚུགས་པའི་ཆབ་མདོ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ནི་བོད་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཐོག་མ་དེ་ཡིན་པ་མ་ཟད། འཛམ་གླིང་ས་མཐོ་ཁུལ་གྱི་སྐྱེ་དངོས་རྫས་གྱུར་ལག་རྩལ་སྤྱད་དེ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་གི་རྣམ་གྲངས་ཐོག་མའང་རེད། “ད་ལྟ་ཉིན་རེར་བཙོག་ཆུ་གཙང་གསིང་བྱེད་པའི་ནུས་པ་ཏུན་9000ཙམ་ཟིན་པ་དང་ཆབ་མདོ་གྲོང་ཁུལ་ཡོངས་ཀྱི་བཙོག་ཆུ་གཙང་གསིང་བྱེད་ཚད་67%ཟིན་གྱི་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཡུང་དྲུང་ཟླ་བས་བརྗོད།

    2019ལོར་བོད་ཀྱི་ཁག་དང་པོའི་བཙོག་ཆུ་གཙང་གསིང་རྣམ་གྲངས་25གཅིག་སྡུད་སྐྲུན་འགོ་ཚུགས་ཤིང་། མིག་སྔའི་བར་ལྷ་སར་བཙོག་ཆུ་གཙང་གསིང་རྣམ་གྲངས་49སྐྲུན་བཞིན་ཡོད་པ་རེད། གང་འདོད་འབུད་གཏོང་དང་གང་སར་གད་སྙིགས་སྐྱུར་བ་ནས་གཅིག་སྡུད་བསྡུ་བ་དང་གཅིག་སྡུད་གཙང་གསིང་བར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་ཐག་གཅོད་བྱེད་ཐབས་འགྱུར་ལྡོག་བྱུང་བའི་བར་མི་སེར་ཚོའི་ལྟ་བར་འགྱུར་ལྡོག་ཕྱིན་ཡོད།

    “སྣོད་བཅུད་ཀྱི་ཡོང་འབབ”གསོག་པ།

    ཁ་བའི་གོས་དཀར་གྱིས་བཀླུབས་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དངུལ་གྱི་འཇིག་རྟེན་ལྟ་བུ་ཞིག་ཏུ་སྣང་ལ། ཡུལ་དེའི་རི་བོ་མཐོ་ཞིང་བརྗིད་ཆགས་ལ་ནགས་ཚལ་སྟུག་ཅིང་བརྗིད་ཉམས་ལྡན་པས་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། “ཀླུ་ནང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་པའི་ཆེས་གལ་འགངས་ཆེ་བའི་རྩ་དོན་ཞིག་ནི‘གཏོར་སྐྱོན་མེད་པའི་གསར་སྤེལ’བྱེད་པ་དེ་ཡིན་པས་འཛུགས་སྐྲུན་ཚང་མ་རི་ངོགས་དང་ཆུ་འགྲམ་དུ་བསྐྲུན་ཏེ་རི་སྔོག་འདོན་མི་བྱེད་པ་དང་ནགས་ཚལ་ལ་གཏོར་སྐྱོན་མི་ཤོར་བ་བྱས་ཡོད”ཅེས་ཀླུ་ནང་ཡུལ་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞེ་པིན་ཧུའེ་ཡིས་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་གྱི་བཀོད་པར་མཛུབ་མོ་བཙུགས་ཏེ་གསར་འགོད་པར་བརྗོད། ཁོང་གིས“ང་ཚོས་ལྗང་མདོག་ཐན་ཉུང་འཆར་འགོད་ཀྱི་འདུ་ཤེས་གཞིར་བཟུང་འཛུགས་སྐྲུན་ལས་སྣོད་བཅུད་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད། ཀླུ་ནང་ཁུལ་གྱི་མི་སེར་ཚོས་སྣོད་བཅུད་ཡུལ་སྐོར་གྱི་ཡོང་འབབ་གསོག་གི་ཡོད་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ནན་ཤོས་ལག་བསྟར་བྱས་ཚེ་གཞི་ནས་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ”ཅེས་བརྗོད།

    མཛེས་སྡུག་ལྡན་པའི་བོད་ལྗོངས་ལ་ཐོན་ལས་གསར་པ་ཞིག་བསྣན་པ། ཚེ་སྒྲོན་ནི་དག་པ་གྲོང་ཚོའི་ཡུལ་སྐོར་བར་སྣེ་ལེན་བྱེད་མཁན་ཁག་དང་པོའི་ཁྱིམ་ཚང་15ཡི་གྲས་ཤིག་རེད། “སྔ་དྲོ་དང་ཕྱི་དྲོ་ཚང་མར་ཡུལ་སྐོར་བ་ཡོང་གི་འདུག ང་ཚོས་ཁོང་ཚོ་བོད་ཁྱིམ་དུ་ལྟ་སྐོར་དུ་ཁྲིད་དེ་ཇ་བསྲུབས་མ་དང་ཕྱུར་བ་སྐམ་པོའི་བྲོ་བ་མྱོང་དུ་འཇུག་གི་ཡོད། ཟླ་གཅིག་ལ་ཡོང་འབབ་སྒོར་2000ལྷག་འདུག”ཅེས་བརྗོད་པ་དང་། ཁོང་གིས་དག་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གཞུང་ལས་ཁང་གི་གྱང་ལྡེབས་སུ་དུད་ཚང་མི་རེ་ངོ་རེའི“གྲུབ་འབྲས་གསལ་ཐོ”སྦྱར་ཡོད། གཙང་སྦྲ་འཕྲོད་བསྟེན་དང་། ཆུ་ཡུར་དོ་དམ། སྣོད་བཅུད་འཛུགས་སྐྲུན། ཕྱུགས་རིགས་དོ་དམ། གང་འདོད་ལྟར་འཛུགས་སྐྲུན་སོགས་ཀྱི་སྐར་གྲངས་ཞིབ་ཚགས་པོ་བྲིས་ཡོད། དག་པོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་ཉི་མས“ན་ནིང་མལ་གྲོ་གུང་དཀར་རྫོང་བོད་རང་སྐྱོང་ལྗོངས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ཀྱི་དཔེ་སྟོན་རྫོང་ལ་བདམས་ཚུན། ང་ཚོའི་གྲོང་ཚོས་གྲོང་ཚོའི་ཁོར་ཡུག་ལ་སྒྱུར་བཀོད་ཆེན་པོ་བྱས་ཡོད། ད་ལྟ་ཉིན་རེར་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་མོ་30ལྷག་ཙམ་གྲོང་ཚོར་ཡོང་གི་ཡོད་ལ‘ཡུལ་སྐོར་ཀུང་སིས་ཀྱང་ང་ཚོའི་གྲོང་ཚོ་ཆུང་ངུ་དེ་འདེམས་དོན་ནི་གྲོང་ཚོའི་བཀོད་པ་ཧ་ཅང་ཉམས་དགའ་བས་རེད’”ཅེས་བརྗོད།

    དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཁྲེན་ཅིང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།