[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • འགན་འཁྲི་ཕྲག་ཏུ་ཁུར། གྲོང་ཁྱེར་མཛེས་པས་བརྒྱན།

    —— ཁྲེང་ཀོན་ཆུས་ཅེ་ཏ་ཁོར་ཡུག་འཕྲོད་བསྟེན་རླངས་འཁོར་རུ་ཁག་གི་བཟོ་པ་ཐུབ་བསྟན་ཆོས་གྲགས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-23

    ཐོ་རེངས་ཀྱི་ཆུ་ཚོད་5དང་ཕྱེད་ཀར་གྲོང་ཁྱེར་ཧྲིལ་པོ་ད་དུང་འཇམ་ཐིང་ངེར་གནས་མོད། ཁྲེང་ཀོན་ཆུས་ཅེ་ཏ་ཁོར་ཡུག་འཕྲོད་བསྟེན་རླངས་འཁོར་རུ་ཁག་གི་ཐུབ་བསྟན་ཆོས་གྲགས་གད་ཕྱགས་རླངས་འཁོར་བཏང་སྟེ། ལས་རོགས་ཚོ་དང་མཉམ་དུ་སེ་ར་ལམ་དུ་གཙང་སྦྲ་བྱེད་པར་བསྐྱོད་འགོ་ཚུགས། ཐོ་རེངས་ཀྱི་གཙང་སྦྲ་ནི་ཉིན་གང་གི་ལས་འགན་ལྕི་ཤོས་དེ་ཡིན་སྟབས། འཁོར་རིགས་འགྲོ་བསྐྱོད་མང་ཤོས་ཀྱི་དུས་ཚོད་མ་སླེབས་གོང་དུ། སོ་སོས་འགན་ཁུར་བའི་ལམ་དུམ་ལ་ངེས་པར་དུ་གད་ཕྱིས་གཙང་མ་བྱེད་དགོས་ཤིང་། ལྕང་ལོ་དང་གད་སྙིགས་ཀྱིས་རྟག་ཏུ་རླངས་འཁོར་ཆེན་པོ་གང་ཁེངས་ཀྱི་ཡོད།

    “ལས་ཀ་དཀའ་ལས་ཁག་ཙམ་ཡོད་མོད། འོན་ཀྱང་ཉིན་ལྟར་གད་ཕྱགས་རླངས་འཁོར་བཏང་སྟེ། སེ་ར་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་དུས་ཁྲོམ་གཞུང་གཙང་མ་ཡོད་པ་མཐོང་སྐབས། ངས་ལས་ཀ་ཡག་པོ་བྱས་འདུག་སྙམ་པའི་སྤོབས་པ་ཞིག་སྐྱེ་གི་འདུག”ཅེས་ཐུབ་བསྟན་ཆོས་གྲཌ་ཀྱིས་བརྗོད།

    2013ལོའི་ཟླ་11པར། ཐུབ་བསྟན་ཆོས་གྲགས་གད་ཕྱགས་རླངས་འཁོར་ཚོགས་ཆུང་གི་ཙུའུ་ཀྲང་དུ་གྱུར། གད་ཕྱགས་རླངས་འཁོར་ལ་དོ་དམ་བྱེད་པའི་འགན་འཁུར་སྐབས། ཉིན་ལྟར་སྔ་དྲོའི་ཆུ་ཚོད་དྲུག་པར་ལས་ཀར་འབྱོར་དགོས་ཀྱི་ཡོད། སྐབས་དེ་དུས་སྐད་འཕྲིན་མེད་སྟབས། ཁོང་གིས་ཉིན་ལྟར་བརྡ་གཏོང་ཡོ་བྱད་ལ་བརྟེན་ནས་གད་ཕྱགས་རླངས་འཁོར་གྱི་ཁ་ལོ་བ་གཞན་དང་འབྲེལ་བ་བྱས་ཏེ་ལས་ཀའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཀྱི་ཡོད། ལས་ཀ་མཐུན་སྦྱོར་བྱེད་དགོས་ཚེ་ཁོང་དུས་ཐོག་ཏུ་ས་གནས་ས་ཐོག་ཏུ་སླེབས་ཀྱི་ཡོད་ཅིང་། ལྷག་པར་དུ་དམིགས་བསལ་གནས་ཚུལ་དཔེར་ན་གངས་བབས་པ་སོགས་འཕྲད་སྐབས། ཁོང་གིས་རང་འགུལ་ངང་ལས་རོགས་ཚོ་དང་མཉམ་དུ་གངས་ཕྱགས་རོགས་བྱེད་ཀྱི་ཡོད་པ་རེད།

    2017ལོའི་ཟླ་10པ་ནས་ད་ལྟའི་བར། ཐུབ་བསྟན་ཆོས་གྲགས་གད་སྙིགས་བཙིར་གནོན་ཚོགས་ཆུང་གྲོང་ཁྱེར་བྱང་འདབས་ཚོགས་ཆུང་གི་ཙུའུ་ཀྲང་བྱས་པ་རེད། ཙུའུ་ཀྲང་གི་ངོས་ནས་ཐུབ་བསྟན་ཆོས་གྲགས་ཀྱིས་ལས་རོགས་ཚོའི་སྣེ་ཁྲིད་དེ་ཉིན་རེའི་གཙང་སྦྲ་ཡག་པོ་བྱེད་དགོས་པ་ཕུད། ད་དུང་ཚོགས་ཆུང་གི་དོ་དམ་པ་ཡག་པོ་ཞིག་བྱས་ཏེ། འབྱོར་ཐོ་འགོད་པ་དང་འཕྲལ་སྒྲུབ་ལས་ཀ་འཕར་མ་བཀོད་སྒྲིག མི་སྣ་བཀོད་གཏོང་། རླངས་འཁོར་ཉམས་བཟོ། ལག་ཆ་བརྗེ་བ་སོགས་བྱེད་དགོས་ཀྱི་ཡོད། ཡིན་ན་ཡང་། ཁོང་ནི“ཚད་དང་མཐུན་པའི”ནང་མི་ཞིག་མ་རེད། “ང་རང་ལས་ཀས་རྐྱེན་པས་ནང་མི་དང་མཉམ་དུ་སྡོད་པའི་དུས་ཚོད་ཉུང་ཉུང་ཡིན། འོན་ཀྱང་ནང་མིས་ངའི་ལས་ཀར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། བཟའ་ཟླ་དང་ཕྲུ་གུས་ང་ལ་འཁང་ར་སྤུ་ཙམ་ཡང་བྱེད་མྱོང་མེད”ཅེས་ཐུབ་བསྟན་ཆོས་གྲགས་ཀྱིས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།