[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གནམ་སྔོ་ཆུ་དྭངས་ས་གཞི་སྔོ་ཞིང་འཇམ།

    —— རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་བསྡུས་རིས།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2019-10-03

    661144_yis_1568528210205.jpg

    འདི་ནི་རང་ལྗོངས་ཀྱིས་ཉེ་བའི་ལོའི་ནང་སྣོད་བཅུད་ཁོར་ཡུག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པའི་འབྲས་བུ་ཡིན།

    ཀྲུང་གོ་ཚན་རིག་ཁང་སོགས་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་དང་དཔྱད་ཞིབ་བྱས་པ་གཞིར་བཟུང་། བོད་ལྗོངས་ས་མཐོའི་རིགས་ཁག་གི་སྣོད་བཅུད་མ་ལག་གྲུབ་ཆ་སྤྱིའི་ཆ་ནས་བརྟན་པ་དང་། སྣོད་བཅུད་སྤུས་ཚད་བརྟན་ཐོག་ཡར་འཕེལ་བྱུང་ནས་ཆུ་དང་། རླུང་། ས་རྒྱུ། འགྱེད་འཕྲོ་བཅས་དང་དེ་བཞིན་སྣོད་བཅུད་ཁོར་ཡུག་སྤུས་ཚད་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱུང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་དང་མཁའ་རླུང་ལེགས་ཚད་95%ཡན་ཟིན་ཡོད། ལྗོངས་ཡོངས་ཀྱི་ནགས་ཚལ་དང་། རྩྭ་ཐང་། འདམ་ར། འཁྱགས་རོམ། གངས་རི། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་སོགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་ས་ཁོངས་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པ་ཡིན་པ་དང་། བོད་ལྗོངས་འདི་ཉིད་ཀྱང་སྔར་བཞིན་འཛམ་གླིང་གི་སྣོད་བཅུད་ཁོར་ཡུག་ལེགས་ཤོས་ཀྱི་ས་ཆའི་གྲས་ཡིན་པ་རེད།

    གནམ་སྔོ་ཆུ་དྭངས་ས་གཙང་བའི་སྲུང་སྐྱོང་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་པ།

    གནམ་སྔོན་པོ་སྲུང་སྐྱོང་གི་དམག་འཐབ་ཐད། བོད་ཀྱིས་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་འགོག་བཅོས་ཀྱི་དམག་འཐབ་མངོན་གསལ་དོད་པོས་ཡག་པོ་བརྒྱབ་སྟེ། 2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་ཚད་གཞི་དྲུག་ལོན་པའི་རྡོ་སྣུམ་དང་ཁྲའེ་ཡིའུ་སྣུམ་མཁོ་འདོན་བྱས་པ་དང་། ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་དུ་སྦགས་བཙོག་ཆེ་བའི་འབར་རྫས་སྤོར་མི་ཆོག་པའི་ཁུལ་གཏན་འཁེལ་བྱས་པ་རེད། གཞན་ཡང་ལྗོངས་ཡོངས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་བྱེ་རྡུལ་སྦགས་བཙོག་གི་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་སྤེལ་བ་དང་། སྨི་ངོས་གྲུ་300ཡན་གྱི་བཟའ་བཏུང་ཁེ་ལས་464ལ་དུ་སྣུམ་གཙང་སེལ་སྒྲིག་ཆས་བསྒར་བས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རླུང་ཁམས་ཆེན་པོའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཆུ་དྭངས་མ་སྲུང་སྐྱོང་བྱེད་པའི་ཐད། 2017ལོ་ནས་བཟུང་བོད་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རིམ་པ་བཞིན་ཆུ་དཔོན་དང་མཚོ་དཔོན་14747བཀོད་སྒྲིག་བྱས་པ་དང་། ཡར་ཀླུང་གཙང་པོ་སོགས་གཙང་པོ(མཚོ)20ལ་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ་བྱས་པ། ལྗོངས་ཡོངས་སུ་རྫོང་རིམ་པ་དང་དེ་བཞིན་དེ་ཡན་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་138གཏན་འཁེལ་བྱས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ལས་གྲྭ་3300ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་རེད། ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་བྱེད་མི་ཆོག་པའི་ཁུལ་1387གཏན་འཁེལ་བྱས་པ་དང་གསོ་ཚགས་བྱེད་མི་ཆོག་པའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་293.16ཟིན་ཡོད། ལྗོངས་ཡོངས་ཀྱི་གཙང་པོ་དང་མཚོ་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་ཡོད་པས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་ལོན་པ་དང་ས་ངོས་ཆུའི་སྤུས་ཚད་ལེགས་ཚད་100%ཟིན་ཡོད་པ་རེད།

    ཤིང་འཛུགས་སྔོ་འགྱུར་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པས་ནགས་ཚལ་ཁྱབ་ཚད་12.14%མཐོ་རུ་ཕྱིན་པ།

    དེ་སྔ། ལྷོ་ཁ་ནས་ལྷ་སར་སྐྱོད་པའི་གཞུང་ལམ་ལ་དགུན་དུས་སུ་བྱེ་རླུང་ལྡང་ནས་རྒྱང་རིང་གི་ཡུལ་ལྗོངས་མིག་གིས་མཐོང་མི་ཐུབ། ད་ཆ་ཡར་ཀླུང་གཙང་པོ་དང་དེ་བཞིན་ངོགས་གཉིས་ཚང་མ་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ཡོད་པ་རེད།

    ས་བབ་ཀྱི་རྐྱེན་གྱིས་ཡར་ཀླུང་གཙང་པོ་ལྷོ་ཁ་གྲོང་ཁྱེར་ནས་རྒྱུག་སྐབས། ཆུ་རྒྱུན་དལ་དུ་སོང་བ་དང་ཆུ་ལམ་རྒྱ་ཆེ་རུ་སོང་ནས་ཆུ་བོའི་མ་ལག་དྲ་མིག་ཅན་དུ་གྱུར་གྱི་ཡོད། དེའི་ཐོག་སྐམ་རློན་དུས་ཚིགས་ཁྱད་པར་ཆེ་བའི་དབང་གིས་གཙང་པོ་རྒྱུག་ཚད་ཧེ་བག་ཆེན་པོ་ཡོད། དབྱར་དུས་དང་སྟོན་དུས་སྐབས་ཞོད་སྐྱོན་ཡོད་པ་དང་དགུན་ཁ་དང་དཔྱིད་ཀའི་སྐབས་ཐན་སྐྱོན་ཡོད་པས་དེ་ལྟ་བུའི་སྣང་ཚུལ་ལོ་ལྟར་བརྗེ་རེས་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་འོས་འགན་ཤིང་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གྲོང་གསེབ་ཀྱི“ཕྱོགས་བཞིར”ཤིང་སྡོང་འཛུགས་པ་དང་། “ས་སྟོང་པ་ཡོད་ཚད་ལ་ཤིང་སྡོང་འཛུགས་པའི”འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ་བོད་ཀྱི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གཅིག་པུ་དེ་བཏོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་2དང་། སྣོད་བཅུད་ཤང་དང་གྲོང་རྡལ་57 སྣོད་བཅུད་གྲོང་ཚོ་337བཅས་བཙུགས་པ། འགྲོ་ལམ་གཙོ་བོ་དང་། གཙང་པོ། གྲོང་ཁྱེར་དང་གྲོང་རྡལ་མཐའ་སྐོར་བཅས་མཛེས་སྡུག་ལྡན་པའི་གཡུ་གཞོང་དུ་གྱུར་ནས་རྩེད་ཐང་གྲོང་ཁུལ་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་96%ཡན་ཟིན་ཡོད་པ་རེད།

    2018ལོར། བོད་ཀྱིས་རྒྱལ་ཁབ་ས་ཆའི་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མི་བཟོས་ནགས་ཚལ་མུའུ་ཁྲི་311ལེགས་གྲུབ་བྱས་པ་དང་། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་མུའུ་ཁྲི་22.9དང་རི་རྒྱ་ནགས་གསོ་མུའུ་ཁྲི་341བྱས་པ། སྲུང་སྐྱོང་བྱས་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི430.8ཟིན་པ། རང་བྱུང་རྩྭ་ར་མུའུ་ཁྲི་6841ལ་སྐྱས་སྤོས་རྩྭ་གསོའི་འདུ་འགོད་ལག་བསྟར་བྱས་པ། བྱེ་འགོག་བྱེ་བཅོས་བྱས་པའི་རྒྱ་ཁྱོན་མུའུ་ཁྲི་420ཟིན་པ། ས་ཆུ་ཤོར་སྐྱོན་ལ་འགོག་བཅོས་བྱས་པའི་རྒྱ་ཁྱོན་མུའུ་ཁྲི་105.14ཟིན་པ། ནགས་ཚལ་ཁྱབ་ཚད་12.14%བར་མཐོ་རུ་ཕྱིན་ཡོད་པ་རེད།

    ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།

    2018ལོར། བོད་ཀྱིས《གནམ་སྔོན་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》དོན་འཁྱོལ་ཏན་ཏིག་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》བཟོ་བཅོས་བརྒྱབ་སྟེ་བཏོན་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་རླངས་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》ལག་བསྟར་བྱས་པ། 《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དམིགས་ཚད་དཔྱད་དཔོག་ལས་དོན་གྱི་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་གི་གནོད་འཚེའི་ཁ་གསབ་ལམ་ལུགས་སྒྱུར་བཅོས་ལག་བསྟར་ཇུས་གཞི》བཟོས་པ། 《བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དཔྱད་དཔོག་བྱ་ཐབས》ལ་བཟོ་བཅོས་བརྒྱབ་པ་དང་ཆབས་ཅིག མངོན་གསལ་དོད་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་དང་། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་གཙོ་གནད་དུ་བྱས་ནས་བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།