[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཇ་ལོ་དང་ཡུལ་སྐོར་གྱི་ཕྱུག་འགྱུར་ལམ་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-18

    ཇ་ལོས་ཕྱུག་པོ་ཆགས།

    “ཕན་པ་ཐོབ་མཁན་ཁྱོན་དུད་ཚང་54དང་མི་132ཟིན་པའི་ནང་དུད་ཚང་དབུལ་པོ་2དང་མི་2ཡོད། ལས་ཞུགས་ཐུབ་པའི་མི་སྣའི་ངལ་ནུས་ཡོང་འབབ་ཕུད་ཤང་ཡོངས་ཀྱི་མི་རེར་ཁེ་འབབ་བགོ་བཤའ་སྒོར་3158.5སྤྲད་ཡོད། མཉམ་ལས་ཁང་གི་སྤྱིའི་ཡོང་འབབ་སྒོར་ཁྲི་205ལྷག་ཙམ་ཟིན་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ལྷག་ཙམ་ཟིན་པ། མི་90ལས་ཞུགས་ཐུབ་པ། མི་132ལ་ཁེ་འབབ་བགོ་བཤའ་བརྒྱབ་ཡོད”ཅེས་སླད་ཤང་གི་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནང་འཛུལ་སྐབས་ཐམ་ག་དམར་པོ་བརྒྱབ་པའི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་ཕན་པ་ཐོབ་པའི་མང་ཚོགས་ཀྱི་གཞི་རྩའི་ཆ་འཕྲིན་རེའུ་མིག་མངོན་གསལ་མཐོང་རྒྱུ་ཡོད།

    དུད་ཚང་54དང་མི་140ལས་མེད་པ་དང་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཀྱིས་གནས་བབ་གཙོ་བོ་བཟུང་བའི་མཐའ་མཚམས་ཤང་དང་གྲོང་རྡལ་ཞིག་གི་ངོས་ནས་བརྗོད་ན་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན།

    སླད་ཤང་གི་ཇའི་ཐོན་ལས་ཀྱི་ལོ་47རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་གེགས་བར་མང་པོ་འཕྲད་ཡོད།

    སླད་ཤང་གི་ཤང་ཀྲང་ཕུར་པས་ངོ་སྤྲོད་བྱས་པར་གཞིགས་ན། སླད་ཤང་གིས་1971ལོར་ཇ་ར་བཙུགས་ནས་ཇ་ཞིང་མུའུ་42གསར་སྤེལ་བྱས་ཡོད། འོན་ཀྱང་གཉེར་སྐྱོང་ཡག་པོ་མ་བྱུང་བས་ཇ་ར་དེ་དུས་རབས་གོང་མའི་ལོ་རབས་90པའི་དུས་དཀྱིལ་དུ་མ་རྩ་སྟོངས་ནས་སྒོ་རྒྱག་དགོས་འཁེལ་བ་དང་ཇ་ཞིང་དེ་དག་སླད་ཤང་གི་མང་ཚོགས་ལ་བགོ་བཤའ་བརྒྱབ་ནས་འདེབས་སུ་བཅུག་ཀྱང་ཕན་འབྲས་ཡག་པོ་ཐོན་མེད། 2003ལོར་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པས་ཀྲེ་ཅང་ནས་ཇ་སོན་ནང་འདྲེན་བྱས་ཏེ་སླད་ཤང་དུ་ཇ་ཞིང་མུའུ་200གསར་སྤེལ་བྱས་པའི་ནང་མུའུ་102ཀྱི་ཇ་ལོ་འཐུ་ཆོག་པ་མ་ཟད། དེའི་ཁར་དེ་སྔོན་གྱི་མུའུ་42བསྡོམས་ན་ཁྱོན་ཇ་ཞིང་མུའུ་144ཡི་ཇ་ལོ་འཐུ་ཆོག་གི་ཡོད། གསར་སྤེལ་བྱས་པའི་ཇ་ཞིང་དེ་དག་ཀྱང་མང་ཚོགས་ལ་བགོ་བཤའ་བརྒྱབ་པ་དང་དུས་མཚམས་རིང་པོའི་ནང་སླད་ཤང་གི་ཇའི་ཐོན་ལས་ཚང་མ་མི་སྒེར་གྱིས་གཉེར་སྐྱོང་བྱེད་པའི་རྣམ་པ་གཙོ་བོར་བྱེད་ཀྱི་ཡོད་པ་རེད།

    “བསྡོམས་རྩིས་བྱས་པར་གཞིགས་ན། ཇ་ཞིང་མུའུ་གཅིག་འདེབས་པར་ངལ་རྩོལ་ནུས་ཤུགས་40དགོས་ཀྱི་ཡོད་པ་དང་ཡིན་ནའང་ཇ་ཞིང་མུའུ་གཅིག་ནས་ཐོན་འབོར་སྒོར་1000ལས་ཟིན་གྱི་མེད་པས་གཏོང་ཤུགས་དང་ཐོན་འབབ་ཀྱི་བསྡུར་ཚད་མཚུངས་ཀྱི་མེད”ཅེས་ཕུར་པས་བཤད། དེར་བརྟེན་ཁོང་གིས་གྲོང་ཚོ་གཉིས་ཀྱི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་མཉམ་དུ་མཉམ་ལས་ཁང་འཛུགས་རྒྱུའི་བསམ་གཞིག་བྱས་པ་རེད།

    2011ལོར་སླད་ཤང་གི་ཏང་ཡོན་དང་མང་ཚོགས་ཁྱོན་100ལས་གྲུབ་པའི་སླད་ཤང་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་ནས་ཇ་ལོ་འདེབས་འཛུགས་དང་། ལས་སྣོན། དེ་བཞིན་ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པ་དང་གཅིག་གྱུར་འདེབས་འཛུགས་དང་། དོ་དམ། གཉེར་སྐྱོང་། ལས་སྣོན། ཐུམ་སྒྲིལ། ཕྱིར་འཚོང་བཅས་བྱེད་པ་དང་འབྲེལ“ལེགས་པོའི་བྱིན་ལྡན་ཇ”ཞེས་པའི་ཇ་ལོའི་སྤུས་རྟགས་ཀྱང་བཏོད་པ་རེད།

    2016ལོར་ཕུར་པས་གྲོན་དངུལ་སྒོར་ཁྲི་13རེ་ཞུ་བྱས་ཏེ་ཨན་ཧུའེ་ཞིང་ཆེན་གྱི་ཇ་ལྗང་དང་ཇ་པ་ཏི་འདེབས་འཛུགས་རིགས་གཅིག་མཁས་ཅན་སླད་ཤང་དུ་ལག་རྩལ་མི་སྣ་གསོ་སྦྱོང་བྱ་རྒྱུར་གདན་དྲངས། ཕུར་པས་དང་ཐོག་རེ་ཞུ་བྱས་པའི་མ་དངུལ་ཚང་མ་རིགས་གཅིག་མཁས་ཅན་གཉིས་པོར་གླ་ཆ་སྤྲོད་རྩིས་བྱས་མོད། འོན་ཀྱང་ཁོང་གཉིས་པོས་སྒོར་ཁྲི་གཅིག་ལྷག་ཙམ་གྱི་ལམ་གྲོན་དང་ཞག་སྡོད་ཀྱི་འགྲོ་གྲོན་ལས་ལེན་མེད་པ་མ་ཟད། ད་དུང་སླད་ཤང་ལ་ལག་རྩལ་མི་སྣ་5གསོ་སྐྱོང་བྱས་པ་རེད།

    “མིག་སྔར་ཇ་རར་ཇ་ཞིང་མུའུ་760ཙམ་ཟིན་ཞིང་། གོམ་སྟབས་རྗེས་མར་ང་ཚོས་ཇ་ཞིང་སྒྱུར་བཀོད་དང་། བཟོ་གྲྭ་སྒྱུར་བཅོས། ཇ་རིགས་ཁ་སྣོན་བཅས་ཀྱི་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ཐད་ཤུགས་སྣོན་བརྒྱབ་ནས་ཇ་ཞིང་ཚང་མར་ཇ་ལོ་འཐུ་ཆོག་པ་དང་ས་ཞིང་ཁོད་སྙོམས་པོ་བཟོས་ཏེ་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། འཕྲུལ་ཆས་ཅན་བཅས་ཀྱི་ཇ་ལོ་འཐུ་བའི་ཁ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་ཡིན། སྲིད་གཞུང་གིས་ཇ་ལོའི་ཐོན་ལས་རྒྱ་སྐྱེད་གཏོང་བར་སྤྲད་པའི་མ་དངུལ་གང་ལེགས་སྤྱད་དེ་བཟོ་གྲྭ་སྒྱུར་བཀོད་བྱས་ནས་བཟོ་གྲྭ་ཚད་ལྡན་ཅན་འཁོར་རྒྱུག་དང་བདེ་འཇགས་དང་གཙང་སྦྲ་ལྡན་པའི་ངང་འཁོར་རྒྱུག་བྱེད་པའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན”ཞེས་སླད་ཤང་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཅིང་ལི་ནོར་བུ་ཚེ་རིང་གིས་གདེང་ཚོད་ཆེན་པོས་བཤད།

    ཡུལ་སྐོར་ཡོང་འབབ་བསགས།

    སླད་ཤང་སླད་གྲོང་ཚོའི་ཁྲོམ་གཞུང་དུ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་། ཁྱིམ་ཚང་མགྲོན་ཁང་། ཟ་ཁང་། ཇ་ཁང་། ཚོང་ཁང་སོགས་ཧ་ཅང་མང་བ་དང་ཁང་ཐོག་དམར་པོ་དང་མཐའ་འཁོར་གྱི་སྔོ་ཞིང་དྭངས་བའི་རི་ཆུ་གཅིག་ལ་གཅིག་རྒྱན་གྱིས་ཤིན་ཏུ་ལྟ་ན་སྡུག་པ་ཞིག་མཆིས།

    སླད་ཤང་འདི་ཉིད་2015ལོར“ལྗོངས་ཡོངས་ཀྱི་ཁག་དང་པོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དཔེ་སྟོན་ས་ཚིགས”ལ་བདམས་ཡོད། དུས་ཐེངས་དང་པོའི་འཛུགས་སྐྲུན་རྣམ་གྲངས་2017ལོའི་ཟླ་12པའི་ཟླ་མཇུག་ཏུ་ཨར་རྒྱག་ལེགས་གྲུབ་ཟིན་ནས་སྤྱོད་འགོ་ཚུགས་པ་དང་། དེའི་ནང་གསར་དུ་བརྒྱབ་པའི་མང་ཚོགས་ཀྱི་སྡོད་ཁང་24དང་། སྨི་ངོས་གྲུ་2052ཟིན་པའི་སྲིད་དོན་ལྟེ་གནས། སྨི་ངོས་གྲུ་1965ཟིན་པའི་ཡུལ་སྐོར་སྣེ་ལེན་ལྟེ་གནས། སྨི་ངོས་གྲུ་2918ཟིན་པའི་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་། སྤྱི་ལེ་1.6ཟིན་པའི་ཆུ་རག སྨི་ངོས་གྲུ་2414ཟིན་པའི་ལས་ཤག་38བཅས་དང་དེ་བཞིན་སྣོད་བཅུད་ལམ་ཟུར་སྦྱར་རྩིག་དང་ཟུར་གཏོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ཚུད་ཡོད། མིག་སྔར་སླད་ཤང་གིས་ཁྱད་ལྡན་གྲོང་རྡལ་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་འཛུགས་སྐྲུན་ནང་ཁོངས་གཏོགས་ཁུལ་གྱི་ལམ་སྒྲོན་དང་། སྤྱི་སྤྱོད་གསང་སྤྱོད། ལམ་སྲུང་གྱང་སོགས་ཀྱི་འཛུགས་སྐྲུན་ཚུད་ཡོད། ཁྱད་ལྡན་གྲོང་རྡལ་བསྐྲུན་ཟིན་རྗེས་སླད་ཤང་གི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་སོང་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

    སླད་ཤང་གི་ཏང་ཨུད་དང་སྲིད་གཞུང་གིས་ས་ཁོངས་ནང་གི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ཏེ“གདོད་མའི་སྣོད་བཅུད་ཡུལ་སྐོར”དང་། “མོན་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར”“མཛེས་པའི་མཐའ་མཚམས་ཡུལ་སྐོར”བཅས་ནང་དོན་གཙོ་བོར་བྱས་ནས“ལྟེ་གནས་གྲོང་ཁྱེར་དང་ཐག་ཉེ་ཤོས་ཀྱི་རང་བྱུང་གསོ་རླུང་ཁང”དང“ཚངས་དབྱངས་རྒྱ་མཚོའི་བཞུགས་གནས་རྙིང་པ”སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་པ་དང་མོན་པའི་ཉམས་འགྱུར་གྱིས་ཕྱུག་པ་དང་ཞག་སྡོད་དང་། བཟའ་བཏུང་། ཚོང་ལས། སོས་དལ་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་ཤང་འཛུགས་སྐྲུན་བྱས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།

    འདི་ལོ་ལོ་62ལ་སླེབས་པའི་གུ་རུ་ནི་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་ལ་གྲོང་ཚོར་ཚོང་རྒྱག་མཁན་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་མཁན་ཨང་དང་པོ་དེའང་རེད། 2005ལོར་གུ་རུས་རང་ཁྱིམ་གྱི་སྨི་ངོས་གྲུ་195ཟིན་པའི་ཁང་པ་རྙིང་པ་སྤྱད་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གསུམ་ནས་བཞི་བར་ཟིན་གྱི་ཡོད།

    འདི་ལོའི་ཟླ་10པའི་ཚུན་དུ། སླད་ཤང་དུ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་སོགས་22གཉེར་སྐྱོང་བྱས་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་1.3ལྷག་ཙམ་ལ་སྣེ་ལེན་བྱས་པ། ཡོང་འབབ་སྒོར་ཁྲི་28ཙམ་བྱུང་བ། མི་90ཙམ་ལས་ཞུགས་ཐུབ་པ་བཅས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཕན་འབྲས་ཐོག་མར་མངོན་ཡོད་པ་རེད།

    འབྱོར་འབྲིང་ལམ་བུར་སྐྱོད།

    དཔལ་འབྱོར་དེ་བས་འཕེལ་རྒྱས་དང་། རིག་གནས་དེ་བས་དར་རྒྱས། མི་དམངས་ཀྱི་འཚོ་བ་དེ་བས་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་བརྗོད་དོན་གཙོ་བོ་ཡིན། སླད་ཤང་གི་མང་ཚོགས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར“འབྱོར་འབྲིང་ལམ་བུའི”ཐོག་འབད་བརྩོན་ཆེན་པོས་སྐྱོད་བཞིན་ཡོད།

    2015ལོ་ནས་2016ལོ་བར་ནགས་སྲུང་ཁ་གསབ་སྒོར་17353སྤྲད་པ་དང་། 2017ལོར་རྩྭ་ཐང་གི་ཁ་གསབ་སྒོར་3950དང་མཐའ་མཚམས་མི་སེར་ལ་ཁ་གསབ་སྒོར་4000སྤྲད་པ། 2017ལོའི་ལོ་སྟོད་དུ་བདག་སྐྱོང་བའི་གླ་ཕོགས་སྒོར་4632དང་། གྲོང་ཁྱེར་རིམ་པའི་གཉིས་ལྡན་དུད་སྦྲེལ་གྱི་བྱ་དགའ་སྒོར་2000 ཞིང་ལས་ཡོང་འབབ་སྒོར་15440 འབྲོག་ལས་ཡོང་འབབ་སྒོར་17352 ཇ་ཁང་གི་ཡོང་འབབ་སྒོར་ཁྲི་5ལ་སོགས་མོན་ཡུལ་ཟླ་འོད་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་གྱང་ཐོག་ཏུ་ཚེ་རིང་ལྷ་མོའི་ཁྱིམ་གྱི《2017ལོའི་ཁྱིམ་ཚང་གི་ཡོང་འབབ》ཁ་གསལ་བཀོད་ཡོད། རེའུ་མིག་དེ་ལས་ཁོང་ཁྱིམ་གྱི་ན་ནིང་ལས་རིགས་ཁག་12ཀྱི་ཡོང་འབབ་ཁྱོན་སྒོར་ཁྲི་12ལྷག་ཙམ་ཟིན་པ་དང་གཏོང་སྒོ་ཁག་3ལ་སྒོར་ཁྲི་2.8ཙམ་ཟིན་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་10ཙམ་བྱུང་བ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་5ཙམ་ཟིན་པ་དེ་ལོ་དེའི་བོད་ཀྱི་དབུལ་སྒྲོལ་ཚད་གཞི་ལས་མཐོ་བ་ཡོད་པ་གསལ་པོ་མཐོང་ཐུབ།

    ཚེ་རིང་ལྷ་མོ་ནི་སླད་ཤང་གི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཙམ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་ལ་སྙན་སེང་ཞུས་པ་བརྒྱུད་སླད་ཤང་གནས་སའི་མཚོ་སྣ་རྫོང་རྫོང(ཆུས)དབུལ་པོའི་མིང་གྲལ་ནས་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་ཐོབ་ཡོད།

    འདི་ལོ་ལོ་སུམ་ཅུ་ལྷག་ཙམ་ལ་སླེབས་པའི་སླད་ཤང་གི་ཤང་ཀྲང་གཞོན་པ་སླད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་བསྟན་འཛིན་གྱིས་ལོ་82ལ་སླེབས་པའི་རྣམ་རྒྱལ་ལྷ་མོའི་ས་ནས་མོན་པའི་ཨ་ཅེ་ལྷ་མོ་འཁྲབ་སྟངས་སྦྱངས་པས་ད་ཆ་ཨ་ཅེ་ལྷ་མོའི་རྒྱུན་འཛིན་པར་གྱུར་པ་དང་ལོ་ལྟར་ཁ་གསབ་སྒོར་ཁྲི་2ལེན་རྒྱུ་ཡོད། ཁོང་གིས་ད་དུང་དགེ་ཕྲུག་20ལྷག་ཙམ་ཁྲིད་དེ་རྒྱུན་དུ་མེ་ཕུང་དགོང་ཚོགས་དང་ཁྲོམ་གཞུང་གང་སར་ཨ་ཅེ་ལྷ་མོ་འཁྲབ་སྟོན་བྱེད་པ་དེས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཐུབ་པ་མ་ཟད། ད་དུང་སླད་ཤང་དུ་ཡུལ་སྐོར་བ་དེ་བས་མང་བ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

    “དེ་སྔ་ཨ་ཅེ་ལྷ་མོའི་འཁྲབ་སྟོན་ཐེངས་གཉིས་བྱེད་མཚམས་ཆད་པ་དང་། ཉེ་བའི་ལོ་ཤས་རིང་སྲིད་གཞུང་གི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྒོར་ཁྲི་79བཏང་སྟེ་ཁྲིད་སྦྱོང་ཐད་རིམ་སྤོར་སྒྱུར་བཀོད་བྱས་པས་སླད་ཤང་གི་གཞོན་ནུ་ཚང་མས་འཁྲབ་སྟོན་བྱེད་ཤེས་ཀྱི་ཡོད”ཅེས་ཁོང་གིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།


    577212_yis_1545019583173.jpg

    འདི་ནི་སླད་གྲོང་ཚོའི་མང་ཚོགས་ཀྱིས་ཨ་ཅེ་ལྷ་མོ་འཁྲབ་སྟོན་བྱེད་བཞིན་པ།

    577210_yis_1545019581222.jpg

    འདི་ནི་སླད་ཤང་གི་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་ཟླ་བ་པད་མས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    577211_yis_1545019582330.jpg

    འདི་ནི་སླད་ཤང་གི་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་བཟོས་ཇ་ལོ་སྐྱེ་ཚུལ་ལ་ལྟ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།