[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་སྤོ་བོ་རྫོང་གི་མཛེས་པའི་འཁྱགས་རོམ་དེ་གྲོང་གསེབ་དར་རྒྱས་ཀྱི་གསེར་རི་དངུལ་རིར་གྱུར་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུང་མིང་། ཚའོ་པིན།    |    སྤེལ་དུས།   2019-06-06

    སྤོ་བོ་རྫོང་གིས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཁྱཌ་རོམ་གྱི་ཡུལ་སྐོར་སྤུས་རྟཌ་བཏོད་པ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་ནན་པོ་སྤྱད་དེ་མིའི་རིགས་ཀྱི་བྱེད་སྒོས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་མི་ཕོག་པ་བྱས་ནས་མཛེས་སྡུག་ལྡན་པའི་འཁྱགས་རོམ་དེ་ཞིང་པ་ཕྱུག་འགྱུར་ཡོང་བའི་གསེར་རི་དངུལ་རིར་འགྱུར་བ་བྱས་པ།

    བོད་ལྗོངས་ཀྱི་སྤོ་བོ་རྫོང་གྲོང་ནས་ཁྲོན་བོད་གཞུང་ལམ་བརྒྱུད་ཤར་ཕྱོགས་སུ་རླངས་འཁོར་ནང་བསྡད་དེ་སྤྱི་ལེ་110བསྐྱོད་ན་སྔོ་སིང་སིང་གི་རྒྱ་ལྕང་དང་ཤུག་པ་དག་གིས་རི་བོར་བརྒྱན་ཅིང་མཁའ་རླུང་བསིལ་པོས་ལུས་སེམས་སྐྱིད་པའི་ཚོར་སྣང་ཞིག་སྦྱིན། གཞུང་ལམ་བརྒྱུད་རླངས་འཁོར་ལ་བསྡད་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བདུན་བསྐྱོད་ན་གནས་སྟོད་འཁྱགས་རོམ་འདབས་སུ་གནས་པའི་གཡུ་ཕུག་ཤང་གནས་སྟོད་གྲོང་ཚོར་འབྱོར། དེ་གའི་ཐང་ཆེན་ཐོག་སྒེར་འཁོར་དང་རྐང་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་དང་ཡུལ་སྐོར་རླངས་འཁོར་སོགས་ཀྱིས་ཐང་ཆེན་ཁེངས་ནས་འདུག་ལ། དྲན་རྟེན་དངོས་པོ་དང་ཞིང་ཞོར་ཁྱད་ལྡན་ཐོན་ཟོག་འཚོང་མཁན་གྱི་སྐད་སྒྲས་ཁེངས་བཞིན་འདུག

    སྤོ་བོ་རྫོང་འདི་ཉིད་བོད་ལྗོངས་ཤར་ལྷོའི་རྒྱུད་དུ་གནས་པ་དང་རྫོང་ཁོངས་སུ་འཁྱགས་རོམ་ཆེ་ཆུང་2000ཙམ་ཡོད་པས་འཛམ་གླིང་ཐོག་ཡོངས་སུ་གྲགས་པའི“འཁྱགས་རོམ་གྱི་ཕ་ཡུལ”ཞིག་རེད།

    ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་སྐབས་སྤོ་བོ་རྫོང་གིས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཁྱགས་རོམ་གྱི་ཡུལ་སྐོར་སྤུས་རྟགས་བཏོད་པ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་ནན་པོ་སྤྱད་དེ་མིའི་རིགས་ཀྱི་བྱེད་སྒོས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་མི་ཕོག་པ་བྱས་ནས་མཛེས་སྡུག་ལྡན་པའི་འཁྱགས་རོམ་དེ་ཞིང་པ་ཕྱུག་འགྱུར་ཡོང་བའི་གསེར་རི་དངུལ་རིར་འགྱུར་བ་བྱས་པ་རེད།

    ཡུལ་སྐོར་བ་མཛེས་ལྗོངས་ཁུལ་དུ་འབྱོར་རྗེས། རླངས་འཁོར་འཇོག་སར་རླངས་འཁོར་བཞག་ནས་རྐང་ཐང་ངམ་ཡང་ན་རྟ་བཞོན་ནས་འཁྱགས་རོམ་ལ་ལྟ་བར་འགྲོ་དགོས་ཀྱི་འདུག དེ་ནི་ཡུལ་སྐོར་བ་ཚོས་འཁྱགས་རོམ་གྱི་བརྗིད་ཆགས་རྣམ་པ་མྱོང་རོལ་བྱེད་པ་དང་མང་ཚོགས་ལ་སྣོད་བཅུད་ཡུལ་སྐོར་ཁྲོད་ནས་ཡོང་འབབ་གསོག་ཐུབ་པའི་གོ་ཉིས་ཆོད་ཀྱི་བྱེད་ཐབས་ཤིག་རེད། ལོ་55ལ་སླེབས་པའི་གྲོང་མི་བཀྲ་ཤིས་རྣམ་རྒྱལ་འགྲུལ་པ་བསྐྱལ་ནས་ངལ་གསོ་ཆུ་ཚོད་ཕྱེད་ཀ་བརྒྱབ་རྗེས་ཡང་འགྲུལ་པ་སྐྱེལ་བའི་ལས་ལ་བྲེལ། ཁོང་གིས“མི་རེའི་ས་ནས་རྟ་རིན་སྒོར་100ལེན་གྱི་ཡོད། དུད་ཚང་རེར་ལོར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་རག་གི་འདུག”ཅེས་བཤད་བྱུང་། ཁོང་གི་ཁྱིམ་མི་གསུམ་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་པ་དང་ལོར་གླ་ཆ་སྒོར་ཁྲི་12ཡན་ལེན་རྒྱུ་ཡོད།

    སྤོ་བོ་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཆུས་ཡུང་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེའི་སྲིད་གཞུང་གིས་ཁྱོན་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་གནས་སྟོད་འཁྱགས་རོམ་གསར་སྤེལ་བྱས་པ་དང་2007ལོར་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་དང་སྤ་སེར་སྒོར་50བྱས་ཡོད། 2014ལོར་སྤོ་བོ་རྫོང་གྲོང་ནས་དཔའ་ཤོད་རྫོང་བར་གྱི་རྒྱལ་ལམ་རིམ་སྤོར་སྒྱུར་བཀོད་བྱས་ནས་སྣུམ་ནག་ལམ་བཏིངས་བ་རེད། 2015ལོར་མ་དངུལ་སྒོར་ཁྲི་2600བཏང་ནས་རྒྱལ་ལམ་ནས་གནས་སྟོད་གྲོང་ཚོ་བར་ཨར་འདམ་ལམ་བཏིངས་ཤིང་། ན་ནིང་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་རླངས་འཁོར་གྱི་ཞབས་ཞུ་སྤེལ་འགོ་ཚུགས་པ་དང་མིག་སྔར་ཡུལ་སྐོར་བས་རྟ་བཞོན་པ་དང་། རྐང་ཐང་མར་བསྐྱོད་པ། ལྟ་སྐོར་རླངས་འཁོར་ནང་སྡོད་པ་སོགས་ཀྱི་ཐོག་ནས་མཛེས་ལྗོངས་ལ་ལྟ་བར་འགྲོ་གི་ཡོད།

    རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཡུལ་སྐོར་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པར་བརྟེན་གནས་སྟོད་འཁྱགས་རོམ་ལ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་སོང་། ཡུལ་སྐོར་བ་མང་ཆེ་བས་མཛེས་ལྗོངས་ཁུལ་ནང་གི་བདལ་གླ་སྒོར་36བྱེད་པའི་ལྟ་སྐོར་རླངས་འཁོར་དང་སྒོ་འཛིན་རིན་གོང་བསྣན་པའི་བསྡོམས་སྒོར་86བྱེད་པའི་ཡུལ་སྐོར་བྱེད་སྟངས་འདེམས་ཀྱི་འདུག གྲངས་གཞི་ལས་མངོན་པར། གནས་སྟོད་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་གྲངས་འབོར་དེ་2016ལོར་མི་ཁྲི་8ནས་2018ལོར་མི་ཁྲི་14བར་ཟིན་ཡོད། མང་ཆེ་བ་ནི་སྒེར་འཁོར་བཏང་ནས་ཡུལ་སྐོར་དང་རྐང་འཁོར་བཞོན་ནས་ཡུལ་སྐོར་བྱེད་མཁན་ཡིན་ཞིང་། བཀྲ་ཤིས་རྣམ་རྒྱལ་གྱིས“2011ལོ་ནས་བཟུང་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པར་བརྟེན་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མིར་རྟ་ཉོ་རོགས་བྱས་ནས་ཡུལ་སྐོར་ནང་ཞུགས་སུ་བཅུག་ཡོད། ད་ཆ་ཡུལ་སྐོར་བ་མང་བའི་སྐབས་སུ་གྲོང་ཚོའི་རྟ་170ཙམ་གྱིས་ཡུལ་སྐོར་བ་འཁྱགས་རོམ་དུ་ཕར་སྐྱེལ་ཚུར་སྐྱེལ་བྱེད་ཀྱི་ཡོད། ད་ཆ་ཕ་ཡུལ་གྱི་འཁྱགས་རོམ་དེ་གྲོང་ཚོ་ཕྱུག་འགྱུར་གྱི་ནོར་གཞོང་ལྟ་བུར་འགྱུར་ཡོད”ཅེས་བཤད།

    གསར་འགོད་པས་ཤེས་རྟོགས་བྱས་པར། མཛེས་ལྗོངས་ཁུལ་དང་གྲོང་མི་ཚོས་མཉམ་དུ་མ་དངུལ་བཏང་ནས་བསྐྲུན་པའི་འབབ་འཕར་ལམ་བུ་གསར་པས་ཕྱུག་པོ་ཆགས་པའི་སྤྲོ་སེམས་དེ་བས་འཕེལ་ཞིང་། མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་དབྱང་ཡུས་ཀྲེང་གིས“ན་ནིང་དུད་ཚང་རེས་སྒོར་ཁྲི་2.9བཏང་བའི་ཐོག་ཀུང་སིས་མ་དངུལ་བཏང་ནས་ལྟ་སྐོར་རླངས་འཁོར་ཉོས་པ་ཡིན། ཉིན་ལྟར་རླངས་འཁོར་བཅུ་པོ་དེ་དག་རླངས་འཁོར་གྱི་ལག་ཁྱེར་ཡོད་པའི་གནས་སྟོད་གྲོང་ཚོའི་གྲོང་མི་18དང་མཐའ་འཁོར་གྲོང་ཚོའི་གྲོང་མི་5ཡིས་བཏང་གི་ཡོད། 2019ལོར་ལྟ་སྐོར་རླངས་འཁོར་ནས་ཡོང་འབབ་སྒོར་ཁྲི་400ཙམ་ཐོབ་བཟོ་ཡོད”ཅེས་བཤད་བྱུང་།

    ལོ་38ལ་སླེབས་པའི་གྲོང་མི་དོན་གྲུབ་བཀྲ་ཤིས་ནི་གྲོང་ཚོ་ཡོངས་ཀྱི་ཁ་ལོ་བ་18ཀྱི་ནང་ནས་ལག་རྩལ་ཡག་ཤོས་ཡིན་པ་དང་ཟླ་རེར་གླ་ཆ་སྒོར་6000ཡོད། ཁོང་གིས“དེ་སྔ་ཉེ་འཁོར་དུ་སྐྱེལ་འདྲེན་བྱེད་སྐབས་དུས་ཐོག་ཏུ་ལྟོ་ཡང་རག་གི་མེད་ལ། ལས་ཀ་ཡང་བརྟན་པོ་མེད། ད་ཆ་ལས་གནས་བརྟན་པ་དང་བདེ་འཇགས་ཡོད་ལ། ཟླ་བ་གསུམ་པ་ནས་ཟླ་བ་བཅུ་པ་བར་ལས་ཀ་བྱ་རྒྱུ་ཡོད”ཅེས་བཤད་བྱུང་།

    དེ་སྔ་ཁུ་སིམ་པའི་འཁྱགས་རོམ་གྱི་འདབས་སུ་འཁྲུག་ཆ་དོད་པའི་ཡུལ་སྐོར་གནས་སུ་གྱུར་བ་དང་གྲོང་མི་རྣམས་གྲོང་ཚོ་ནས་ཁ་འབྲལ་མི་དགོས་པར་བདེ་སྡོད་ལས་བརྩོན་གྱི་འཚོ་བ་གསར་པ་སྐྱེལ་བཞིན་ཡོད་ལ། ན་ནིང་གནས་སྟོད་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བདུན་ཚང་མ་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།