[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • “དངུལ་རྩའི་བྱ་ཐབས”ཀྱིས་བོད་ཀྱི་དམངས་གཉེར་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་ལ་རོགས་རམ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    དངུལ་རྩའི་སྐབས་དོན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོ་ཚུན་དུ་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་རྩས་ཕྲན་ཚེགས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་རབ་དང་རིམ་པ་འདོན་པ་དང་། དངུལ་ལོར་སྲིད་ཇུས་ཀྱི་ཐབས་ཤེས་རབ་དང་རིམ་པ་གང་ལེགས་སྤྱོད་པ། དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། དངུལ་རྩའི་སྒྲིག་གཞིར་མཛུབ་ཁྲིད་བྱས་ནས་དངུལ་རྩའི་གསར་གཏོད་བྱེད་སྒོ་རབ་དང་རིམ་པ་ལག་ལེན་བསྟར་བ། ཕྲན་ཚེགས་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་དམིགས་སུ་བཟོས་པའི“དངུལ་རྩའི་བྱ་ཐབས”རབ་དང་རིམ་པ་འདོན་པ་བཅས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་དམངས་གཉེར་ཁེ་ལས་དང་ཕྲན་ཚེགས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    ཞབས་ཞུ་མཐོར་གཏོང་མཐའ་འཁྱོངས་ཀྱིས་དམངས་གཉེར་གྱི་ཕྲན་ཚེགས་ཞབས་ཞུའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུའི་ལས་དོན་སྤྱི་འདོམས་བྱེད་པ་དང་། ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་སྒྲིག་འཛུགས་བྱས་ནས་ཀུན་ཕན་དངུལ་རྩའི་སྒྲིག་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ། དམངས་གཉེར་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་ཆེད་གཉེར་སྒྲིག་གཞི་དང་ཆེད་དམིགས་ལས་དོན་ཚོགས་པའི་བཀོད་པ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཡོད། ད་བར་བོད་དུ་དངུལ་ཁང་སྒྲིག་གཞི་9ཡིས་ཀུན་ཕན་དངུལ་རྩའི་བྱ་གཞག་པུའུ་བཙུགས་པ་དང་། དངུལ་ཁང་སྒྲིག་གཞི་6གིས་ཕྲན་ཚེགས་ཆེད་གཉེར་ཚོགས་པ་དང་སྡེ་ཚན་བཙུགས་ཡོད།

    གནད་སྨིན་ལེགས་བསྡུས་མཐའ་འཁྱོངས་ཀྱིས་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་གྱི་ཕྲན་ཚེགས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཤིང་། ཁོངས་གཏོགས་ཁུལ་གྱི་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིའི་གཞི་ཁྱོན་ཅུང་ཆུང་བ་དང་སྟོབས་ཤུགས་ཅུང་ཞན་པར་དམིགས་ཏེ་སྤྱི་ཁྱབ་དངུལ་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ལྗོངས་དངུལ་ཁང་དང་སྟོད་ལུང་མིང་ཐའེ་གྲོང་རྡལ་དངུལ་ཁང་དམིགས་བསལ་བྱས་ནས་དབུལ་སྐྱོར་དང་སླར་ཡང་དངུལ་བུན་གཏོང་ཡུལ་གྲས་སུ་བཅུག་སྟེ་ས་གནས་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་བའི་ཐད་བབ་བསྟུན་རང་བཞིན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།

    སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དམངས་གཉེར་ཕྲན་ཚེགས་ཁེ་ལས་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཞབས་ཞུ་བསྒྲུབས་ཤིང་། ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ“དངུལ་ཁང་བརྒྱ་ཡིས་ཁེ་ལས་བརྒྱ་ལ་རོགས་སྐྱོར་དང་ཧང་ཀྲང་བརྒྱ་ཡིས་ཁེ་ལས་བརྒྱ་ལ་བསྐྱོད་པའི”དངུལ་རྩའི་ཆ་སྒྲིག་རོགས་སྐྱོར་འཆར་གཞི་ལག་ལེན་བསྟར་ཏེ་ཁུལ་དེའི་དངུལ་ཁང་སྒྲིག་གཞི་15ཡི་འགོ་ཁྲིད་ལས་བྱེད་པ་100ཙམ་སྒྲིག་འཛུགས་བྱས་ནས་དམངས་གཉེར་ཁེ་ལས་དང་ཕྲན་ཚེགས་ཁེ་ལས་བརྒྱ་ལྷག་ཙམ་དང་ཆ་སྒྲིག་གི་རོགས་སྐྱོར་བྱེད་དུ་བཅུག་སྟེ་གཉེར་སྐྱོང་གི་གནས་ཚུལ་དང་། མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱས་ནས་ཁེ་ལས་ལ་ཁྱད་པར་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་བཟོས་པ་དང་ཁེ་ལས་290ལྷག་ཙམ་ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་19.41ལྷག་ཙམ་ཐད་ཀར་བཏང་ནས་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཐག་གཅོད་བྱས་ཡོད།

    ཁེ་ལས་ལ་སྟབས་བདེ་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས་དངུལ་ཁང་དང་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དང་འབྲེལ་མཐུད་མཐུན་སྦྱོར་གྱི་འབྲེལ་ཟམ་བཙུགས་ཤིང་། 2018ལོ་ཚུན་དུ་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་ཁང་དང་ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ་ཆེ་གྲས་ཐེངས་3ཙམ་སྒྲིག་འཛུགས་བྱས་པ་དང་ཡིད་སྤྲོད་དང་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་290.25ཟིན་པ་དེ་དག་དམངས་གཉེར་ཕྲན་ཚེགས་ཁེ་ལས་300ལྷག་ཙམ་དང་འབྲེལ་བ་ཡོད།

    དངུལ་རྩའི་ཐད་ཀྱི་གསར་གཏོད་མཐའ་འཁྱོངས་ཀྱིས་དམངས་གཉེར་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་རག་ཚད་མང་དུ་བཏང་ཞིང་། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་ཁོངས་གཏོགས་ཀྱིས“སྟབས་བདེའི་བུན་གཡར”དང“ཕྲན་ཚེགས་མྱུར་གཡར”སོགས་དྲ་ཐོག་གི་ཕྲན་ཚེགས་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཁྱབ་གདལ་གཏོང་བར་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། 2018ལོ་ནས་བཟུང་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་བྱས་ནས་བསྡོམས་དངུལ་བུན་ཐེངས་1636བཏང་བ་དང་སྒོར་དུང་ཕྱུར་35.77ཟིན་ཡོད།

    ཁོར་ཡུག་ལེགས་གཏོང་མཐའ་འཁྱོངས་ཀྱིས་སྲིད་ཇུས་དྲིལ་བསྒྲགས་ཡོངས་ཁྱབ་དང་ཚོང་གཉེར་ཁོར་ཡུག་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྣེ་ཁྲིད་ནས་གནད་ལ་འཁེལ་བ་དང་། ཡོངས་སུ་ཁྱབ་པ། ཟུར་ཚད་མང་བ། ཕྱོགས་བསྡུས་བཅས་ཀྱི་དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་སྲིད་ཇུས་དང་ཞབས་ཞུ་དྲིལ་བསྒྲགས་བྱས་ཡོད། ད་བར་བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་ཐེངས་200ལྷག་ཙམ་བྱས་ཡོད། དངུལ་རྩའི་སྒྲིག་གཞིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་ལ་སྐུལ་འདེད་བཏང་སྟེ་དངུལ་རྩའི་ཁོངས་གཏོགས་ཀྱིས་དངུལ་བུན་གཡར་བའི་ཡིག་ཆ་ཁུ་བསྡུ་དང་། ཡིད་རྟོན་དངུལ་བུན་གྱི་བརྒྱུད་རིམ་ལེགས་སུ་གཏོང་བ། ལས་གཉེར་དུས་བཅད་གསལ་པོ་བཟོ་བ། ཀུན་གསལ་དངུལ་བུན་གཡར་རྒྱུ་ཁྱབ་གདལ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དམངས་གཉེར་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་གྱི་སྲིད་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པ་དང་། འབྲེལ་ཡོད་སྡེ་ཚན་དུ་བསྐྱོད་དེ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་ས་གནས་ཀྱི་རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།