[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • སོར་རྩེའི་ཐོག་གི་རྒྱུན་འཛིན།

    ལྷ་སའི་ཞོ་སྟོན་གྱི་བོད་ཀྱི་མིག་མངས་རྒྱག་རྩལ་ངོམ་སྟོན་བྱེད་སྒོའི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ཞོ་སྟོན་རིང་། རྫོང་རྒྱབ་ཀླུ་ཁང་དུ་འཁྲུག་ཆ་ཤིན་ཏུ་དོད་ཅིང་། གང་སར་དུས་ཆེན་གྱི་རྣམ་པས་ཁེངས། རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བའི་བོད་ཀྱི་མིག་མངས་བྱེད་སྒོ་དེས་གྲོང་མི་དང་། ཡུལ་སྐོར་བ། དེ་བཞིན་རྡེལ་རྩེད་ལ་དགའ་པོ་བྱེད་མཁན་བཅས་མང་པོ་ཞིག་གི་ཡིད་དབང་རྦད་དེ་འཕྲོག་ཡོད།

    གསར་འགོད་པས་བྱེད་སྒོ་སྤེལ་ཡུལ་ནས་སློབ་ཕྲུག་མང་པོ་ཞིག་གིས་རང་འགུལ་ངང་ཚོགས་ཆུང་བགོས་ཏེ། ལ་ལས་རྒྱལ་པོ་རྒྱན་འདེབས་རྩེ་བ་དང་ལ་ལས་ཀྲུང་གོའི་མིག་མངས་རྒྱག་ཅིང་། བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་དྲུང་ཆེ་ངག་དབང་སྤེན་པས་ཟུར་དུ་བསྡད་དེ། ཕྲུ་གུ་ཚོར་བསྟན་བཤིག་སློང་བཞིན་བོད་ཀྱི་མིག་མངས་རྒྱག་ལུགས་དང་དེ་བཞིན་བོད་ཀྱི་མིག་མངས་ཀྱི་འབྲེལ་ཡོད་རིག་གནས་སྒྲོག་འགྲེལ་བྱེད་པ་མཐོང་བྱུང་། “མིག་མངས་རྒྱག་པ་དང་སློབ་སྦྱོང་བྱེད་པ་གཉིས་ནི་བློ་རིག་འཕེལ་བར་བྱེད་པའི་བྱ་བ་ཞིག་རེད། ང་ཚོས་སློབ་གྲྭར་མཉམ་ལས་ཀྱི་རྣམ་པར་བརྟེན་ནས་བོད་ཀྱི་མིག་མངས་འཛིན་གྲྭ་གཉེར་ཏེ། ལོ་ཆེ་ཆུང་ལ་གཞིགས་ནས་སློབ་ཚན་མི་འདྲ་བ་བཀོད་སྒྲིག་གིས་ཕྲུ་གུ་ཚོས་བོད་ཀྱི་མིག་མངས་ལ་དགའ་པོ་ཡོང་ཐབས་བྱེད་ཀྱི་ཡོད། ཕྲུ་གུ་ཚོས་བོད་ཀྱི་མིག་མངས་རྒྱག་རྩལ་སྦྱངས་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུ་དང་ཆབས་ཅིག སླད་ཕྱིན་ཕྲུ་གུ་ཚོ་བློ་རིག་དེ་བས་བཀྲ་བ་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ངག་དབང་སྤེན་པས་བཤད།

    བྱེད་སྒོ་དེས་བོད་ཀྱི་མིག་མངས་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་གི་ཡིད་དབང་འཕྲོག་པ་མ་ཟད། ད་དུང་བོད་ཀྱི་མིག་མངས་རྒྱག་རྩལ་སྦྱོང་བའི་ཚ་རླབས་ཤིག་ཀྱང་འཕྱུར་ཡོད། བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱིས་ད་དུང་བྱེད་སྒོར་ཞུགས་མཁན་གྲོང་མི་དང་དེ་བཞིན་ཡུལ་སྐོར་བར་མིག་མངས་རྒྱག་རིས་དང་རྡེལ་སོགས་སྤྲད་པ་རེད། ཧྲན་ཏུང་ནས་ཡིན་པའི་ཡུལ་སྐོར་བ་ཝང་ཆེ་གེ་མོས་གསར་འགོད་པར“ང་ལྷ་སར་ཡོང་ཐེངས་དང་པོ་ཡིན། སྟབས་ལེགས་པ་ཞིག་ལ་ཞོ་སྟོན་དང་ཏག་ཏག་འཁེལ་འདུག བོད་ཀྱི་མིག་མངས་དེ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་འདུག ང་སློབ་སྦྱོང་བྱེད་འདོད་ཆེན་པོ་བྱུང”ཞེས་བཤད་བྱུང་།

    “བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་བཙུགས་ནས་ལོ་གསུམ་སོང་ཞིང་། ད་ལྟ་ལྗོངས་ཡོངས་སུ་བོད་ཀྱི་མིག་མངས་ཏེ་རྒྱལ་པོ་རྒྱན་འདེབས་སོགས་སྦྱོང་མཁན་ཁྲི་གསུམ་ཙམ་ཡོད། སླད་ཕྱིན་ང་ཚོས་དྲ་ཐོག་དང་དངོས་སྦྱོང་རྣམ་པ་གཉིས་ལ་བརྟེན་ནས་བོད་ཀྱི་མིག་མངས་རིག་གནས་ཁྱབ་གདལ་གཏོང་རྩིས་ཡོད”ཅེས་ངག་དབང་སྤེན་པས་གསར་འགོད་པར་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།