[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལྷ་སའི་རྫོང་ཁག་གི་མིང་བྱུང་ཚུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-30

    སྟོད་ལུང་བདེ་ཆེན་རྫོང་།

    སྟོད་ལུང་བདེ་ཆེན་རྫོང(ད་ཆ་རྫོང་ནས་ཆུས་སུ་བསྒྱུར་ཟིན)ནི་སྔོན་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་དང་། སྟོད་ལུང་ཞེས་པ་ནི་སྟོད་ལུང་གི་མ་ཆུ་སྟེ་སྐྱ་བ་ཆུ་ཟེར་བའི་ཆུ་གཞུང་གི་སྟོད་དུ་ལུང་པ་ཆགས་པས་ན་སྟོད་ལུང་ཞེས་ཟེར། དེའང་ཐོག་མར་ད་ལྟའི་མཚོ་སྨད་ཤང་ཁོངས་ཚལ་པོ་ཞེས་ཤིང་གླ་བའི་ཚལ་ཡོད་ས་ཞིག་ཏུ་སྟོད་ལུང་ཚལ་པོ་རྫོང་ཞེས་ཡོད་ཅིང་། ཕྱིས་སུ་བདེ་ཆེན་དགོན་གྱི་ཤུལ་དུ་རྫོང་དེ་སྤོས་པ་ནས་བཟུང་བདེ་ཆེན་རྫོང་ཞེས་མིང་ཐོགས།

    ཆུ་ཤུར་རྫོང་།

    ཆུ་ཤུར་ཞེས་པ་ནི་ཆུ་བོའི་རྒྱུགས་ཤུལ་དུ་ཆགས་པའི་ཡུལ་ལ་ཆུ་ཤུར་ཞེས་སྔོན་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་དང་། ད་ལྟའི་རྫོང་ནི་ཞོལ་གྲོང་ཚོ་ཞེས་པར་གནས་ཡོད།

    སྙེ་མོ་རྫོང་།

    སྙེ་མོ་ཞེས་པ་ནི་ཡུལ་དེའི་སོ་ནམ་བྱེད་སྟངས་ལེགས་ཤིང་། ལོ་ཏོག་གི་སྙེ་མའང་ཕོ་མོར་ཕྱེ་སྟེ་ཕོ་ཞན་ཞིང་མོ་ལེགས་པར་བརྩི་བཞིན་ཡོད་པས། སྙེ་མོ་ཞེས་པའི་མིའང་དེ་ལྟར་བྱུང་། ད་ལྟའི་རྫོང་ནི་སྔོན་གྱི་སྙེ་མོ་རྫོང་ཤུལ་གྱི་ཤར་ངོས་དར་གྲོང་ཞེས་པར་ཆགས་ཡོད།

    འདམ་གཞུང་རྫོང་།

    འདམ་གཞུང་ཞེས་པ་ནི་ན་འདམ་གྱི་གཤོངས་ས་སམ་གཞུང་རྒྱ་ཆེན་པོ་ཞིག་ཡོད་སྟབས་འདམ་གཞུང་ཞེས་དང་། ཡང་ས་དེ་སོག་པོས་བདམས་པའི་ལུང་གཞུང་ཡིན་སྟབས་འདམ་གཞུང་ཞེས་བཤད་སྲོལ་མི་འདྲ་བ་ཡོད།

    ལྷུན་གྲུབ་རྫོང་།

    ལྷུན་གྲུབ་ཞེས་པ་ནི་མ་བསྒྲུབས་ལྷུན་གྱིས་གྲུབ་པའི་དོན་དུ་གོ་ཞིང་སྔོན་མིང་ལྷུན་གྲུབ་རྫོང་གི་མིང་རང་སོར་བཞག་པ་དང་། སྔོན་གྱི་ལྷུན་གྲུབ་རྫོང་ནི་ད་ལྟའི་རྫོང་གནས་ཡུལ་ནས་བྱང་ངོས་ཆག་ལའི་ཕྱོགས་སུ་སྤྱི་ལེ་བཞི་ལྔ་ཙམ་གྱི་རྫོང་ཞོལ་ཞེས་པར་ཡོད། ད་ལྟའི་རྫོང་ནི་ལྷ་ས་ནས་སྤྱི་ལེ་དྲུག་ཅུ་ཙམ་སོང་ན་འཕན་པོ་དགའ་ལྡན་ཆོས་འཁོར་ཞེས་པར་གནས་ཡོད།

    མལ་གྲོ་གུང་དཀར་རྫོང་།

    མལ་གྲོ་གུང་དཀར་ཞེས་པ་ནི་ཀླུ་མལ་གྲོ་གཟི་བྱིན་གྱི་གནས་ཡིན་པས་ཀླུ་མིང་ཡུལ་ལ་ཐོགས་པའམ། ཡང་བཤད་སྲོལ་གཞན་ཞིག་ལ་སྔོན་ཡུལ་དེའི་མི་ཚང་ཞིག་གིས་རྗེ་ཙོང་པར་མལ་གཟན་གཙུགས་ཕྲུག་གཅིག་ཕུལ་བར་རྗེ་ཙོང་པས་དེ་བཞེས་ཏེ་དེ་ནུབ་གཟིམ་སྤྲོ་པོ་བྱུང་བ་དང་ཟླ་བ་ཤར་བས་གུང་དཀར་པོ་ཡིན་སྟབས་མལ་གྲོ་གུང་ཡང་དཀར་ཞེས་གསུངས་པས་མལ་གྲོ་གུང་དཀར་ཞེས་པའི་མིང་དེ་ནས་བྱུང་ཞེས་གསུང་སྲོལ་མི་འདྲ་བ་ཡོད། ད་ལྟའི་མལ་གྲོ་གུང་དཀར་རྫོང་ནི་སྔོན་གྱི་མལ་གྲོ་གུང་དཀར་རྫོང་དང་ཉེ་བར་ཆགས་ཡོད།

    སྟག་རྩེ་རྫོང་།

    སྟག་རྩེ(ད་ཆ་རྫོང་ནས་ཆུས་སུ་བསྒྱུར་ཟིན)ཞེས་པ་ནི་རི་བོ་སྟག་ལྟ་བུའི་རྩེ་མོར་གནས་པའི་རྫོང་ངམ་རྫོང་བཙན་པོ་སྟག་ལྟ་བུའི་དོན་སོགས་གསུང་སྲོལ་མི་འདྲ་བ་ཡོད། སྟག་རྫོང་ནི་སྔོན་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན་པ་དང་། སྔོན་གྱི་སྟག་རྩེ་རྫོང་ནི་ད་ལྟའི་སྟག་རྩེ་རྫོང་གི་ཆུ་ཕར་རོལ་གྱི་ཕུན་ཚོགས་གླིང་ཞེས་པར་གནས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།