[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཟླ་བཞི་པ་ནས་སྣུམ་དང་གློག་སོགས་ཀྱི་རིན་གོང་བཅག་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-03

    གནས་ཐང་འཕར་ཁྲལ་དམའ་རུ་བཏང་བའི་དབང་གིས། ཟླ་3ཚེས་29ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྡེབ་གཅིག་ལ་བརྡ་ཐོ་བཞི་བཏང་ནས། ཟླ་4ཚེས་1ཉིན་ནས་བཟུང་བཅོས་སྣུམ་གྱི་རིན་གོང་དང་། སྤྱིར་བཏང་བཟོ་ཚོང་ལས་རིགས་ཀྱི་གློག་རིན།  རང་བྱུང་སོལ་རླངས་ཀྱི་གཞི་རྩའི་རིན་གོང་། རང་བྱུང་སོལ་རླངས་ཞིང་ཆེན་བརྒལ་བའི་མདོང་ལམ་སྐྱེལ་འདྲེན་གྱི་རིན་གོང་བཅས་གཅོག་རྒྱུ་རེད་འདུག

    ཟླ་བཞི་པ་ནས་སྣུམ་རིན་གཅོག་རྒྱུ།

    བཅོས་སྣུམ་གྱི་གནས་ཐང་འཕར་ཁྲལ་16%ནས་13%བར་བཅག་ཡོད། དེས་ན་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སིལ་ཚོང་རིན་གོང་མཐོ་ཤོས་ཏུན་རེར་སྒོར་225དང་སྒོར་200སོ་སོར་བཅག་པ་དེ་2019ལོའི་ཟླ་3ཚེས་31ཉིན་གྱི་ཆུ་ཚོད་24ནས་བཟུང་ལག་བསྟར་བྱས་ཡོད།  འཛད་སྤྱོད་པའི་ངོས་ནས་བརྗོད་ན། སྣུམ་རིན་བཅག་པ་ལས་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་སྒེར་འཁོར་བཏང་ནས་ཕྱིར་བསྐྱོད་སྐབས་དངུལ་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་སྲིད།

    སྤྱིར་བཏང་བཟོ་ཚོང་ལས་རིགས་ཀྱི་གློག་རིན་གཅོག་རྒྱུ།

    ཚེས་29ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བཀྲམ་པའི《གློག་དྲའི་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་ལེགས་སྒྲིག་བྱས་ནས་སྤྱིར་བཏང་བཟོ་ཚོང་ལས་རིགས་ཀྱི་གློག་རིན་དམའ་རུ་འོས་འཚམ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་བླང་བྱ་བཏོན་དོན། གློག་དྲའི་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་16%ནས་13%བར་དམའ་རུ་བཏང་རྗེས། ཞིང་ཆེན་རིམ་པའི་གློག་དྲའི་ཁེ་ལས་ཀྱི་ཁྲལ་ཚུད་པའི་གློག་རིན་གྱི་ཚད་གཞི་དམའ་རུ་བཏང་བ་དེ་དག་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་དམའ་རུ་གཏོང་བའི་ཐད་སྤྱོད་དགོས་པ་དང་། རྩ་དོན་ལྟར་ན་2019ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    རང་བྱུང་སོལ་རླངས་ཞིང་ཆེན་ལས་བརྒལ་བའི་མདོང་ལམ་སྐྱེལ་འདྲེན་གྱི་རིན་གོང་ལེགས་སྒྲིག་བྱ་རྒྱུ།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་2019ལོའི་ཟླ་4ཚེས་1ཉིན་ནས་བཟུང་། ཀྲུང་གོ་རྡོ་སྣུམ་པེ་ཅིང་རང་བྱུང་སོལ་རླངས་མདོང་ལམ་ཚད་ཡོད་ཀུང་སི་སོགས་ཞིང་ཆེན་ལས་བརྒལ་བའི་མདོང་ལམ་སྐྱེལ་འདྲེན་ཁེ་ལས་13གྱི་མདོང་ལམ་སྐྱེལ་འདྲེན་གྱི་རིན་གོང་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་གནས་ཐང་འཕར་མའི་ལེགས་སྒྲིག་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ནང་ཁུལ་གྱི་ཐག་ཐུང་རང་བྱུང་སོལ་རླངས་ཀྱི་མདོང་ལམ་སྐྱེལ་འདྲེན་གྱི་རིན་གོང་གང་མགྱོགས་ལེགས་སྒྲིག་བྱས་ནས་གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཀྱི་ཕན་པ་ཚང་མ་འཛད་སྤྱོད་པར་ཐོབ་པ་བྱ་རྒྱུ།

    རང་བྱུང་སོལ་རླངས་ཀྱི་གཞི་རྩའི་རིན་གོང་གཅོག་རྒྱུ།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཐང་འཕར་ཁྲལ་ལེགས་སྒྲིག་བྱེད་ཚུལ་ལ་གཞིགས་ནས། 2019ལོའི་ཟླ་4ཚེས་1ཉིན་ནས་བཟུང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་རང་བྱུང་སོལ་རླངས་ཀྱི་གཞི་རྩའི་རིན་གོང་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། ས་གནས་ཁག་གི་རིན་གོང་གཙོ་གཉེར་སྡེ་ཚན་གྱིས་རང་བྱུང་སོལ་རླངས་ཀྱི་ཕྱིར་ཚོང་རིན་གོང་གཏན་འཁེལ་བྱེད་སྐབས་གནས་ཐང་འཕར་ཁྲལ་དམའ་རུ་བཏང་བར་སྤྱི་འདོམས་བསམ་གཞིག་གིས་གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཀྱི་ཕན་པ་ཚང་མ་འཛད་སྤྱོད་པར་ཐོབ་པ་བྱེད་དགོས།

    གནས་ཐང་འཕར་ཁྲལ་དམའ་རུ་བཏང་བས་ཕན་པ་དེ་བས་མང་བ་ཐོབ་རྒྱུ་རེད།

    གོང་གསལ་གྱི་རིན་གོང་ལེགས་སྒྲིག་བྱས་པ་ཚང་མ་གནས་ཐང་འཕར་ཁྲལ་དམའ་རུ་གཏོང་རྒྱུའི་དབང་གིས་རེད། ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། འགག་སྒོ་སྤྱི་ཁྱབ་ཧྲུའུ་བཅས་ཀྱིས་མཉམ་དུ་བཀྲམ་པའི《གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་འབྲེལ་ཡོད་སྲིད་ཇུས་སྐོར་གྱི་སྤྱི་བསྒྲགས》གཞིར་བཟུང་། ཟླ་4ཚེས་1ཉིན་ནས་བཟུང་ལས་རིགས་ཁག་གཅིག་གི་གནས་ཐང་འཕར་ཁྲལ་དམའ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།