[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་མིང་ཚིག་འགྲེལ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-08

    རིག་དཔལ་དར་བའི་བོད་ལྗོངས།

    འདི་ནི་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གོང་འཕེལ་འཆར་འགོད་ནང“རིག་དཔལ་དར་བའི་ཀྲུང་གོའི”བྱེད་སྒོ་རབ་དང་རིམ་པ་ནན་ཏན་ངང་གཏོད་རྒྱུ་ཡིན་ཞེས་བཀོད་ཡོད། 2019ལོའི་ཟླ་3ཚེས་10ཉིན། 《དཔེ་སྐྲུན་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི》ཀྲུང་དོན་དང་རྒྱལ་དོན་གྱི་བསམ་འཆར་ནང་། ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དམག་སྒར། དྲ་རྒྱ་བཅས་སུ་དེ་བས་མང་བའི་དཔེ་དེབ་དང་དུས་དེབ་ལེགས་གྲས་འགྲེམས་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“རིག་དཔལ་དར་བའི་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། བརྗོད་དོན་གཙོ་བོའི་མཚན་ཚོགས་དང་། དཔེ་ཁང་འཛུགས་སྐྲུན། དཔེ་ཀློག་རྩོམ་བསྡུ། ཤེས་བྱའི་འགྲན་བསྡུར། དཔེ་ཀློག་གི་གྲོས་འགོ་འདོན་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དམངས་ཡོངས་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ལེགས་གྲས་ལྟ་བ། དཔེ་དེབ་ལྟ་མཁས་པ་བཅས་ཀྱི་ཤེས་དཔལ་སྲོལ་བཟང་ཧུར་ཐག་བཏོད་ཡོད།

    “ནན་ཤོས་བཞིའི”བླང་བྱ།

    འདི་ནི་ཚད་གཞི་ནན་ཤོས་དང་། ལྟ་འདོམས་ནན་ཤོས། ཆད་གཅོད་ནན་ཤོས། འགན་འདེད་ནན་ཤོས་བཅས་ལ་བརྟེན་ནས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་འདོམས་བྱེད་པར་ཤུགས་སྣོན་རྒྱག་དགོས་པར་ཟེར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་2019ལོའི་ཟླ་9པ་ནས་2020ལོའི་ཟླ་12བར། རྒྱལ་ཡོངས་སུ“ནན་ཤོས་བཞི”ཡི་བླང་བྱའི་ཆེད་དམིགས་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད།

    ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་བའི་གནས་སྤོ།

    འདི་ནི་ས་བབ་མཐོ་ཚད་སྨི་4700ཡན་གྱི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་ནི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་གཉོད་ཆུང་བ་དང་། འཚོ་གནས་ཀྱི་ཆ་རྐྱེན་ཧ་ཅང་སྐྱོ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་མ་གནས་ཧ་ཅང་མཐོ་བ་བཅས་ཡིན་པས་ཀྲུང་དབྱང་གི་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་ཀྱིས“ཚོད་ལྟ་སྔོན་འགྲོ་དང་སྔོན་ལ་ལས་སླ་བ་དང་རྗེས་ལ་དཀའ་བ་བྱེད་པའི”རྩ་དོན་གཞིར་བཟུང་། ཤང་དང་གྲོང་ཚོ་ཧྲིལ་པོ་གནས་སྤོས་ནས་རྨང་གཞིའི་སྤྱི་པའི་སྒྲིག་བཀོད་ཅུང་ཆ་ཚང་ལ་ཐོན་སྐྱེད་དང་འཚོ་བ་དང་སྐྱེ་ཁམས་ཀྱི་ཆ་རྐྱེན་ཅུང་ལེགས་པའི་ས་ཁོངས་སུ་བཀོད་སྒྲིག་བྱས་ཡོད། དེ་ཐོག་ནས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཚང་མ་རྩ་བ་ནས་ལེགས་སུ་འགྲོ་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲ་བརྟན་བཟོས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་།

    འདི་ནི་རྒྱལ་ཡོངས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཐད་སྣེ་ཁྲིད་ཀྱི་ནུས་པ་འདོན་མཁན་དང་དེ་མཚུངས་ཀྱི་འཛུགས་སྐྱོང་ཚད་གཞི་ལོན་པའི་གྲོང་ཁྱེར་དང་རྫོང་ལ། སྐྱེ་ཁམས་ཁོར་ཡུག་པུའུ་ནས་འགྲོ་ལུགས་ལྟར་དེ་མཚུངས་ཀྱི་མཚན་སྙན་སྤྲད་པ་ཞིག་རེད། དེ་ཡང་སྐྱེ་ཁམས་བར་སྟོང་དང་། སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་ཁོར་ཡུག སྐྱེ་ཁམས་འཚོ་བ། སྐྱེ་ཁམས་ལམ་ལུགས། སྐྱེ་ཁམས་རིག་གནས་བཅས་ཕྱོགས་དྲུག་ཐད་ནས་དཔྱད་འདེམས་བྱས་ཏེ། དཔེ་སྟོན་གྲོང་ཁྱེར་ལ་དམིགས་ཚད་ཁག་35བཟོས་པ་དང་དཔེ་སྟོན་རྫོང་ལ་དམིགས་ཚད་ཁག་38བཟོས་ཡོད།

    མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི“གཙང་བཅོས་གསུམ་དང་ལེགས་གཏོང་གསུམ”གྱི་བྱ་སྤྱོད།

    འདི་ནི“མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མཆན་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་2019ལོའི་ཟླ་7པར་ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ཏེ། ལོ་མང་གསོག་ཐེབས་ཀྱི་གད་སྙིགས་གཙང་བཅོས་དང་། འགྱིག་སྙིགས་ཀྱི་སྦགས་བཙོག་གཙང་བཅོས། མིའི་འཚོ་སྡོད་ཁོར་ཡུག་གཙང་བཅོས་བཅས་གསུམ་དང་། གད་སྙིགས་རིགས་དབྱེའི་ལས་དོན་ལེགས་སུ་གཏོང་བ། ཁོར་ཡུག་གཙང་སྦྲར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ་བཅས་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དེ་ཡིན།

    རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུན་ཟུག་རེའུ་མིག

    རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུན་ཟུག་རེའུ་མིག ཅེས་པ་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་བུན་ཟུག་རེའུ་མིག་བཟོ་ཐབས་བེད་སྤྱད་ནས་རྒྱལ་ཡོངས་སམ་ས་གནས་ཤིག་གི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཡོངས་ལ་རིགས་དབྱེ་སྤྱི་བསྡོམས་བྱས་ནས་བཟོས་པའི་སྙན་ཞུའི་རེའུ་མིག་ལ་ཟེར་ཞིང་། དུས་ཚོད་སྐབས་མཚམས་ཤིག་གི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་གནས་ཚུལ་ཚང་མ་གསལ་བ་དང་། དུས་ཚོད་ངེས་ཅན་ཞིག་ནང་གི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གསོག་འབོར་གྱི་འགྱུར་ལྡོག་འགྲོ་བ་མཚོན་གྱི་ཡོད། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བུན་ཟུག་རེའུ་མིག་བཟོ་བ་དེ་ནི་འགོ་ཁྲིད་ལས་བྱེད་པར་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཐད་རྩིས་བཤེར་བྱེད་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་རིགས་ཀྱི་འགན་འཁྲི་ཚེ་གང་བདའ་འདེད་གཏོང་རྒྱུའི་ལམ་ལུགས་བཟོ་བའི་རྨང་གཞི་ཡིན།

    བདེ་འཕྲོད་ཇ།

    བདེ་འཕྲོད་ཇ། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གྱིས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་མང་ཚོགས་ཚོར་ཇ་ཆེད་འཚོང་དང་དམིགས་བསལ་མཁོ་སྤྲོད་བྱེད་ཀྱི་ཡོད། ཇ་འདི་ཚོ་ཇ་ནག་དང། ཇ་སྔོན། ཇ་དམར་ཕྱེ་མ། ཇ་ལྗང་བཅས་རྒྱུ་ཆ་གཙོ་བོར་བྱས་ཐོག ཕབ་བསྙལ་དང་། རླངས་བཙོས། གནོན་བཙིར་བཅས་བྱས་ཏེ་བཟོས་ཤིང་། འདིར་ཧྥུལ་ངེས་ཅན་ཞིག་འདུས་ཡོད། བདེ་ཐང་གི་ཚད་གཞི་ལྟར་ན་རྒྱུན་ལྡན་མིའི་གཟུགས་པོར་ཉིན་རེར་ཧྥུལ་མཁོ་ཚད་ཧའོ་ཁེ་1ནས་1.5བར་ཚོད་འཛིན་བྱས་ན་འཚམ་ཤོས་ཡིན་པས། མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱེད་ཆེད་རང་ལྗོངས་ཀྱིས་2020ལོ་ནས་བཟུང་ཧྥུལ་འདུས་ཚད་སྟོང་ཁེ་རེའི་ཆ་ནས་ཧའོ་ཁེ་300ལས་ཉུང་བའམ་མཚུངས་པའི་ནང་ཚོད་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་མང་ཚོགས་ཀྱི་དམིགས་བསལ་ཉེར་མཁོའི་ཇ་ཆེད་འཚོང་དང་མཁོ་འདོན་བྱ་རྒྱུ་ཡིན།

    མཐའ་མཚམས་མུ་ཏིག་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན།

    མཐའ་མཚམས་མུ་ཏིག་གྲོང་རྡལ་ཆུང་གྲས་འཛུཌ་སྐྲུན། ཞེས་པ་ནི་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྒྱས་བཤད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། རང་སྐྱོང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ཁྱད་འཕཌ་དང་། འགྲིམ་འགྲུལ་ནུས་ཁུངས། ས་ཁོངས་གནས་སྟངས་སོགས་ཀྱི་ཆ་རྐྱེན་ལ་གཞི་ཚུཌ་ཏེ་སྟོབས་ཤུཌ་གཅིག་སྡུད་དང་ཐོན་ཁུངས་སྒྲིལ་བཅོས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་བཟོ་བ་དང་སྤྱི་པའི་ཞབས་ཞུའི་ནུས་པ་མཐོར་འདེཌ་བྱས་ནས་ཚོང་དོན་ཟོག་འགྲུལ་དང་། རིག་གནས་ཡུལ་སྐོར། དམག་དམངས་མཉམ་འདྲེས་བཅས་གཙོ་བོའི་བྱེད་ནུས་ལྡན་པའི་མཐའ་རྒྱུད་ཤང་དང་གྲོང་རྡལ་དང་གྲོང་ཚོ་འཛུཌ་སྐྲུན་བྱེད་རྒྱུའི་འཆར་འགོད་བྱས་ཏེ་མཐའ་མཚམས་མུ་ཏིག་ཁྱད་ལྡན་གྲོང་རྡལ་ཆུང་གྲས་རྒྱུད་གཏོད་རྒྱུ་དེ་ཡིན།

    “ས་གྲོལ་དཔལ་འབྱོར”གྱི་རྣམ་པ།

    “ས་གྲོལ་དཔལ་འབྱོར”གྱི་རྣམ་པ། ཞེས་པ་ནི་ཉེ་བའི་ལོའི་ནང་རྒྱལ་ཁབ་ཀྱི་ཁུལ་ཁོངས་དཔལ་འབྱོར་གོང་འཕེལ་གཏོང་བའི་བརྒྱུད་རིམ་ཁྲོད་ཐོན་པའི་“བསྒར་རྒྱན་ལྟ་བུའི”གོང་འཕེལ་གཏོང་སྟངས་ཤིག་ཡིན་ཞིང་། ཕན་ཚུན་རང་ཚུགས་ཡིན་པ་དང་། དཔལ་འབྱོར་གོང་འཕེལ་ཐད་བར་ཁྱད་ཡོད་པའི་སྲིད་འཛིན་ཁུལ་གཉིས་ཀྱི་སྔར་ཡོད་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ཚད་བཀག་ལས་སྒྲོལ་ཏེ་བར་མཐོངས་བརྒལ་བའི་སྲིད་འཛིན་དོ་དམ་བྱེད་པ་བརྒྱུད་ནས་ས་ཁོངས་བརྒལ་བའི་དཔལ་འབྱོར་གསར་སྤེལ་བྱེད་པ་དང་། ཐོན་ཁུངས་བགོ་སྒྲིག་ནུས་ལྡན་བྱེད་པའི་ཁུལ་ཁོངས་དཔལ་འབྱོར་གྱི་མཉམ་ལས་བྱེད་པའི་རྣམ་པ་ཞིག་ཡིན། 2017ལོའི་ཟླ་6པར། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་སོགས་སྡེ་ཚན་8མཉམ་འབྲེལ་ཐོག《“ས་གྲོལ་དཔལ་འབྱོར”གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(འཕེལ་བསྒྱུར་ས་གནས【2017】ཡིག་ཨང་922པ)པར་འགྲེམས་བྱས་ཡོད།

    ས་གོ་ལའི་གླིང་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་འདུས་ཚོགས།

    རང་ལྗོངས་ཀྱིས་མཚོ་བོད་ས་མཐོ་གཙོ་རྐང་དུ་བྱས་པའི་ས་གོ་ལའི་གླིང་སྣེ་གསུམ་པའི་ཐོག་བཙུགས་པའི་ཇོ་མོ་གླང་མ་རྒྱལ་ཁབ་སྤྱི་གླིང་དང་། བྱང་ཐང་རྒྱལ་ཁབ་སྤྱི་གླིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སོགས་ཚབ་མཚོན་དུ་བྱས་པའི་རྒྱལ་ཁབ་སྤྱི་གླིང་མང་པོ་འདུས་པ་ཞིག་ཡིན།

    ནགས་དཔོན་ལམ་ལུགས།

    ནགས་དཔོན་ལམ་ལུགས། 2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་ལ་གཟིགས་ཞིབ་གནང་སྐབས་ཆུ་དཔོན་ལམ་ལུགས་ཀྱི་བྱེད་སྟངས་དཔྱད་གཞིར་བཟུང་ནས“ནགས་དཔོན་ལམ་ལུགས”འཛུགས་རྒྱུར་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཞེས་བཏོན་གནང་ཡོད། སྤུན་ཟླའི་ཞིང་ལྗོངས་ཀྱིས“རིམ་དབྱེ་འགན་འཁུར”གྱི་རྩ་དོན་ལྟར་ཁུལ་ཁོངས་ཀྱི་ཏང་སྲིད་འགོ་ཁྲིད་གཙོ་བོས་འགན་འཁུར་བ་དང་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་སྤེལ་བྱེད་པའི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་ནགས(རྩྭ)དཔོན་ལམ་ལུགས་ཀྱི་མ་ལག་འཛུགས་སྐྱོང་བྱས་ནས། ཐོན་ཁུངས་བདག་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ནུས་ལྡན་བྱེད་པ་དང་། རྒྱལ་ཁབ་ས་ཆ་སྔོ་ལྗང་མཛེས་སྡུག་ལྡན་པ་བཟོ་བ་དེ་ཡིན།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།