[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་དང་བོད་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་སྙན་སེང་ཞུས་པ།

    ​ སྲི་ཐར་གྱིས་གསུང་བཤད་གནང་བ་དང་། ཏིང་ཡེ་ཤན་གྱིས་སྙན་སེང་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-19

    ཚེས་15ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བརྟག་ཞིབ་ཞིབ་བཤེར་ཚོགས་ཆུང་བཞི་པར་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་དང་བོད་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་སྙན་སེང་ཞུས་པ་རེད།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་སྙན་སེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་སྙན་སེང་ཞུས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོས་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཕེབས་པ་རེད།

    སྲི་ཐར་གྱིས་བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་དང་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། བྱེད་ཐབས་ནུས་ལྡན་བཏོན་པ། གྲུབ་འབྲས་མངོན་གསལ་དོད་པ། ཉམས་མྱོང་རྩ་ཆེན་བཅས་ཡོད་པའི་ངོས་འཛིན་གནང་བ་རེད།

    སྲི་ཐར་གྱིས་བོད་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་དམིགས་བསལ་གལ་ཆེན་རང་བཞིན་ངོས་འཛིན་གང་ལེགས་བྱེད་པ་དང་། རྟག་ཏུ་སེམས་ཁྲལ་གྱི་འདུ་ཤེས་འཆང་བ་དང་རྟག་ཏུ་རང་ཟོན་བྱེད་པའི་བསམ་པ་བཅངས་ནས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པ་བཅས་བྱས་ནས་དེ་བས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པ། བོད་ཀྱི་ཆོས་ལུགས་གནད་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་སྟངས་འཛིན་ཡག་པོ་བྱས་ནས་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་ཚད་མཐོ་ཤོས་ཀྱི་སྒོ་ནས་འདོན་སྤེལ་བྱེད་པ། ཆོས་ལུགས་ལས་ཀའི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཚན་ཁག་ལ་མཐུན་སྦྱོར་གཞོགས་འདེགས་བྱེད་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱས་ནས་ཆོས་ལུགས་ལས་ཀའི་དངོས་ཕན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྙན་སེང་ཚོགས་འདུའི་ཐོག་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་སྲི་ཐར་དང་བཅས་པ་བོད་དུ་ལས་དོན་ལ་བརྟག་ཞིབ་དང། ཞིབ་བཤེར། མཛུབ་ཁྲིད་བཅས་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་ཁྲིམས་ལྟར་བོད་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་འགན་ལེན་དང་ལེགས་གཏོང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་བྱས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་བརྟན་པོ་དང་ཡག་པོ་སྒྲུབ་པ་དང་། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ནུས་ལྡན་བྱེད་པ་དང་། སེམས་ནུས་གཅིག་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བསྟན་གནང་བ་རེད།

    ཏིང་ཡེ་ཤན་གྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ལ་འཕྲད་པའི་དུས་བབ་དེ་བས་རྙོག་འཛིང་ཆེ་བ་དང་དེ་བས་ཛ་དྲག་པ་དང་། ལས་འགན་དེ་བས་ལྕི་བ་དང་དེ་བས་དཀའ་ཚེགས་ཆེ་བ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། འགན་ནུས་སྔར་བས་ཆེ་རུ་གཏོང་བ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་འགན་འཁྲི་དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་སྐུལ་འདེད་གཏོང་ཆེད་གཡས་གཞོགས་གཡོན་འདེགས་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།