[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ​ ཀྲོང་ཡན་གྱིས་བོད་ཀྱི་2017ལོའི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ས་གནས་ས་ཐོག་གི་དྲིལ་བསྒྲགས་བྱེད་སྒོར་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-19

    ཚེས་16ཉིན་གྱི་སྔ་དྲོ་རང་ལྗོངས་ཀྱིས“ནུས་རྒྱུ་བསྲི་ཚགས་ནང་དུ་ཞུགས། ཚང་མས་ལྗང་མདོག་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2017ལོའི་རྒྱལ་ཡོངས་ཀྱི་ནུས་རྒྱུ་བསྲི་ཚགས་དྲིལ་བསྒྲགས་གཟའ་འཁོར་དང“ཐཱན་ཉུང་སྒོ་ནས་བཟོ་ལས་འཕེལ་རྒྱས་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2017ལོའི་རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོའི་ས་གནས་ས་ཐོག་གི་བྱེད་སྒོ་སྤེལ་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བྱེད་སྒོ་སྤེལ་ཡུལ་དུ་ཕེབས་ནས་བྱེད་སྒོ་སྤེལ་ཚུལ་ལ་གཟིགས་ཞིབ་དང་མཛུབ་སྟོན་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་དེ་བཞིན་ཁེ་ལས་ཀྱིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་དངོས་རྫས་འགྲེམས་སྟོན་བྱེད་པ་དང་། འགྲེམས་པང་འཛུགས་པ། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ། བློ་འདྲིའི་བྱེད་སྒོ་སྤེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མིར་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་སྐོར་གྱི་འཚོ་བའི་རྒྱུན་ཤེས་གསལ་འགྲེལ་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཀྲོང་ཡན་གྱིས་འགྲེམས་སྟེགས་ཁག་གི་མདུན་དུ་སྔ་རྗེས་སུ་ཕེབས་ཏེ་འབྲེལ་ཡོད་ཚན་པ་ཁག་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་བ། དེ་བཞིན་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་བྱེད་སྒོར་ཞུགས་པའི་མང་ཚོགས་ཀྱི་ཧུར་སེམས་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་གྲོན་ཆུང་བསྲི་ཚགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་།འཛད་སྤྱོད་བྱེད་སྟངས། འཚོ་བའི་གོམས་གཤིས་བཅས་དར་སྤེལ་གཏོང་བ་དང་དེ་བཞིན་ནུས་རྒྱུ་གྲོན་ཆུང་བསྲི་ཚགས་དང་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་རང་ལྗོངས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།

    ཀྲོང་ཡན་གྱིས་རིམ་ཁག་སྡེ་ཚན་ཁག་དང་སྤྱི་ཚོགས་ཀྱི་རྩ་འཛུགས་ཁག་གིས་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་བྱེད་སྒོར་མཐོང་ཆེན་པོ་བྱས་ཏེ་རང་འགན་གཙང་སྒྲུབ་དང་། རང་ནུས་འདོན་སྤེལ། གཞོགས་འདེགས་དམ་ཟབ། ཐུན་མོང་ཐོག་ལག་བསྟར་བཅས་བྱེད་དགོས་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་ནང་ཞུགས་རྒྱུའི་སྐུལ་སློང་བྱ་རྒྱུ་གཙོ་བོར་བྱས་ཏེ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་གྱི་ནུས་རྒྱུ་བསྲི་ཚགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་ཁྱབ་གདལ་ཤུགས་ཆེན་གཏོང་བ། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ཤེས་བྱ་དང་ལག་རྩལ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་བཅས་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་། རྒྱུན་འཁོར་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་སྤྱི་པའི་སྒྲིག་གཞི་ཁག་ལ་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་འབྲེལ་ཡོད་ལས་དོན་སྣེ་ཁྲིད་ནས་ཡག་པོ་སྒྲུབ་པ་དང་། དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་ལ་སྣེ་ཁྲིད་བྱེད་པའི་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ནས་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ལྗོངས་ཡོངས་སུ་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ལ་གྲོན་ཆུང་ཧུར་ཐག་བྱེད་པའི་འདུ་ཤེས་ཆགས་པར་བྱེད་དགོས་པ་དང་བརྙན་འཕྲིན་དང་། རླུང་འཕྲིན། ཚགས་པར། དྲ་རྒྱ་སོགས་སྨྱན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་གཏོང་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་འཛུགས་རྒྱུ་དང་ཁྱབ་གདལ་གཏོང་རྒྱུའི་དམིགས་ཡུལ་འགྲུབ་པར་བྱེད་དགོས། ཁྲོམ་རའི་ལམ་སྲོལ་དང་དཔལ་འབྱོར་བྱ་ཐབས་སྔར་བས་སྤྱད་དེ་ཕན་ནུས་ཐོན་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ནུས་ཆེ་དང་། དམངས་ཕན། གོ་ཆོད་བཅས་ཀྱི་ནུས་རྒྱུ་བསྲི་ཚགས་ཀྱི་ལག་རྩལ་ཐོན་རྫས་རྒྱ་སྐྱེད་གཏོང་བ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་འཐབ་ཇུས་ཀྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ཆབས་ཅིག་མང་ཚོགས་ཀྱི་ཁྲོད་དུ་ཟད་གྲོན་ཆུང་གཏོང་དང་བཙོག་སྐྱོན་ཉུང་གཏོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་མང་ཚོགས་ཐཱན་ཉུང་གཏོང་གི་བྱ་སྤྱོད་ནང་ཞུགས་སུ་འཇུག་དགོས་པ་དང་ཐོན་ཁུངས་ལ་སེམས་ཁྲལ་གྱི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་དང་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་དེ་སྤྱི་ཚོགས་ཀྱི་ཚན་པ་ཚང་མ་དང་། ཁྱིམ་ཚང་ཚང་མ། མི་ཚང་མ་བཅས་ཀྱི་རང་འགུལ་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།