[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྒྲོག་འགྲེལ་གཏིང་ཟབ་བྱས། དགོངས་དོན་སེམས་སུ་ཟུག

    ​འཕྱོངས་རྒྱས་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འཁོར་བཞོན་སྒྲོག་འགྲེལ་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-19

    406125_yis_1497760877276_s.jpg

     འདི་ནི་འཁོར་བཞོན་སྒྲོག་འགྲེལ་པས་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་དཔལ་རི་གྲོང་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱེད་བཞིན་ཡོད་པ།

    “གྲ་སྒྲིག་གྱིས་དང་། འགྲོ”ཞེས་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལི་ཡོན་ཀྲོའུ་ཡིས་བཀའ་བཏང་བ་དང་བསྟུན་ནས། ཟླ་6ཚེས་9ཉིན་གྱི་སྔ་དྲོར། རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་བཅུ་ལས་གྲུབ་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འཁོར་བཞོན་སྒྲོག་འགྲེལ་པའི་རུ་ཁག་ཉིན་དེའི་སྒྲོག་འགྲེལ་ས་ཚིགས་དང་པོ་སྟེ་བཙན་པོའི་བང་སོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཕྱོགས་སུ་བསྐྱོད་པ་རེད།

    འདི་ནི་འཕྱོངས་རྒྱས་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འཁོར་བཞོན་སྒྲོག་འགྲེལ་བྱེད་འགོ་འཛུགས་ཡུལ་ཡིན། ལྗོངས་ཡོངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བའི་སྐབས་འདིར་འཕྱོངས་རྒྱས་རྫོང་གིས་མཚམས་ཚིགས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”དང་ཟུང་འབྲེལ་གྱིས“འཁོར་བཞོན་སྒྲོག་འགྲེལ་པའི”བྱེད་སྒོ་སྤེལ་བ་དང་།རྫོང་གྲོང་གི་ཁྲོམ་གཞུང་དང་གྲོང་གསེབ་ཀྱི་ལམ་མདོ་བརྒྱུད་དེ་ཤེས་བྱའི་འགྲན་བསྡུར་དང་ལམ་བར་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་དཔྱད་གཞི་སྟོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དུས་འགོའི་སྒྲོག་འགྲེལ་གྲུབ་འབྲས་སྔར་བས་སྲ་བརྟན་དང་མིག་སྔའི་མཚམས་ཚིགས་སྒྲོག་འགྲེལ་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།

    གཤམ་དུ་གསར་འགོད་པ་དང་མཉམ་དུ་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་དེ་སྒྲོག་འགྲེལ་གནས་ཚུལ་དངོས་ལ་གཟིགས་དང་།

    གནས་ཚུལ་དང་པོ།

    སྔ་དྲོའི་ཆུ་ཚོད་དགུ་པ། བཙན་པོའི་བང་སོའི་ཡུལ་སྐོར་མཛེས་ལྗོངས་ཁུལ།

    རྫིག་ཉམས་དོད་པའི་རྐང་འཁོར་རུ་ཁག་དང་། རྣམ་པར་བཀྲ་བའི་དར་ཆ། དྲི་བ་དྲི་ལན་གྱི་ཤོག་སྒམ་འཁྱེར་བའི་ཉི་མ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་དང་གྲོང་མི་ཚོས་བསྐོར་ཞིང་། ཚང་མས་འཚང་ཁ་ཤིག་ཤིག་ངང་བྱེད་སྒོར་ཞུགས་རྒྱུའི་རེ་བ་བཏོན།

    “‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’སློབ་གསོ་གཏོང་ཡུལ་གཙོ་བོ་རིགས་ག་ཚོད་ཡོད”

    “ཞིང་འབྲོག་མང་ཚོགས་དང་། དགོན་སྡེའི་གྲྭ་བཙུན། ལོ་ཆུང་སློབ་མ་བཅས་ཡོད”

    དྲི་ལན་འདེབས་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་དྲི་ལན་འགྲིག་ཚད་ཀྱང་ཇེ་མཐོར་ཕྱིན་པས། ལི་ཡོན་ཀྲོའུ་ཡིས་མི་རེར་དྲི་ལན་འདེབས་པའི་གོ་སྐབས་གཅིག་རེ་ལས་མེད་ལ། དྲི་ལན་འགྲིག་མཁན་ལ་གཞི་ནས་བྱ་དགའ་ཡོད་ཅེས་མི་བཤད་ཐབས་མེད་བྱུང་བ་རེད།

    “འཕྱོངས་རྒྱས་རྫོང་གི‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’སྒྲོག་འགྲེལ་བྱེད་སྒོ་དེ་གཅིག་སྡུད་སློབ་སྦྱོང་དང་ཞིང་ནང་དང་མུ་ཁ་ནས་གྲོང་ཚོ་དང་དུད་ཚང་དུ་སྤེལ་བ་དང་། སྒྲོག་འགྲེལ་བྱེད་སྟངས་སྣ་ཚོགས་སྤྱད་པས་གྲོང་མི་ཚོས་ཧ་གོ་ཚད་ཀྱང་གཞི་རྩའི་ཆ་ནས་100%ཟིན་ཡོད་པ་རེད། ད་རེས་ཀྱི་དྲི་བའི་ནང་དུ་ང་ཚོས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’ནང་དོན་གང་རེད་ཅེས་ཐད་ཀར་མི་འདྲི་བར་ཚང་མའི་གོ་བ་ལོན་ཚད་ལ་ལྟ་གི་ཡོད”གྲོང་མི་མང་ཆེ་བས་ལན་ཡང་དག་འདེབས་ཐུབ་པར་ལྟ་བཞིན་ལི་ཡོན་ཀྲོའུ་ཧ་ཅང་དགའ་པོ་བྱུང་བ་རེད།

    གནས་ཚུལ་གཉིས་པ།

    སྔ་དྲོའི་ཆུ་ཚོད་11 དཔལ་རི་གྲོང་ཚོའི་གྲོང་ལྷན།

    དཔལ་རི་གྲོང་ཚོའི་གྲོང་ལྷན་གྱི་སྒོ་རའི་ནང་དུ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་30ལ་ལྡེབས་ཞལ་གཏོང་སྟངས་གསོ་སྦྱོང་བྱེད་ཀྱི་ཡོད་ལ། ཡོང་དོན་བཤད་རྗེས་ཉི་མས་དྲི་ལན་ཤོག་སྒམ་འཁྱེར་ནས་གྲོང་མི་རེ་རེའི་མདུན་དུ་ཕྱིན་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བོད་སྐྱོང་མཛད་ཇུས་གལ་ཆེན་དེ་ཅི་རེད”

    “རྒྱལ་ཁབ་སྐྱོང་བར་ངེས་པར་ཏུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”གྲོང་མི་ཆོས་སྒྲོན་གྱིས་བསམ་གཞིག་ཅུང་ཙམ་བྱས་རྗེས་དེ་ལྟར་ལན་བཏབ།

    “‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’བྱེད་སྒོ་སྤེལ་དོན་ནི་ཚོགས་ཆེན་གང་བསུ་ཆེད་རེད”

    སྐལ་བཟང་མཚོ་མོས་འཕྲལ་དུ“‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’བྱེད་སྒོ་སྤེལ་དོན་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་ཆེད་རེད”ཅེས་ལན་བཏབ།

    གསོ་སྦྱོང་འགན་འཁུར་བས་གསར་འགོད་པར། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་45ཡིན་ལ། ལས་ཞུགས་བྱས་རྗེས་ཉིན་རེར་ཉུང་མཐར་ཡང་སྒོར་180རག་གི་རེད། གསོ་སྦྱོང་བྱེད་རིང་། འཕྱོངས་རྒྱས་རྫོང་གིས་ལས་ཡུལ་ཁག་གི་ལས་མི་ཚོར་དམིགས་ནས་ལས་ཡུལ་ཁག་ཏུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ་མི་ཚང་མར་སྒྲོག་འགྲེལ་ཐུབ་རྒྱུ་འགན་ལེན་བྱས་པ་ཡིན་ཞེས་བཤད།

    གནས་ཚུལ་གསུམ་པ།

    ཉིན་གུང་གི་ཆུ་ཚོད་13 གྲོང་མི་བསོད་ནམས་སྒྲོལ་མའི་ཁྱིམ་དུ།

    ཉིན་གུང་སྐབས་སུ་འཁོར་བཞོན་སྒྲོག་འགྲེལ་རུ་ཆུང་གིས་སྔོ་ཚལ་ཁྱེར་ནས་གྲོང་མི་བསོད་ནམས་སྒྲོལ་མའི་ཁྱིམ་དུ་ཚལ་བཟོ་ཉམས་མྱོང་སྤེལ་རེས་བྱེད་པར་ཡོང་བ་རེད།

    “ཨ་ཅག་ལགས། ཚལ་འདིའི་མིང་ལ་ཧུའུ་ཕི་སྲོ་ལོ་སྔོན་པོ་ཟེར། རྒྱུ་ཆ་སྲོ་ལོ་སྔོན་པོ་ཡིན་ལ་བཟོ་ཧ་ཅང་སླ་པོ་ཡོད། ཐོག་མར་སྣུམ་ཅུང་མང་པོ་བླུག་དགོས”ཐབས་ཚང་ནང་དུ། ལི་ཡོན་ཀྲོའུ་ཡིས་བསོད་ནམས་སྒྲོལ་མར་ཧུའུ་ཕི་སྲོ་ལོ་སྔོན་པོ་བཟོ་སྟངས་ཁྲིད་ཀྱི་འདུག “དགེ་རྒན”གྱི་མཛུབ་ཁྲིད་འོག་བསོད་ནམས་སྒྲོལ་མས་སྲོ་ལོ་སྔོན་པོ་དང་པད་ཚལ་བཟོ་སྟངས་བདེ་བླག་ངང་ཤེས་པ་རེད།

    “ཇ་མངར་མོ་ལྷོག་ལྷོག་འཁོལ་རྗེས་གཞི་ནས་འཐུང་ཆོག མ་འཁོལ་བར་འཐུང་ཚེ་གྲོད་པ་བཤལ་སྲིད། ལྷོག་ལྷོག་ཏུ་འཁོལ་རྗེས་སྐྱོགས་ཀྱིས་སྐར་མ་བཅུ་ལྷག་ཙམ་རིང་ཕྱར་དགོས། དེ་ལྟར་བྱས་ན་བྲོ་བ་ཞིམ་པོ་ཡོད”རྒྱ་ཟས་བཟོ་སྟངས་ཤེས་རྗེས་བསོད་ནམས་སྒྲོལ་མས་གསར་འགོད་པར་ཇ་མངར་མོ་ཁུངས་དག་བཟོ་སྟངས་ཁྲིད་པ་རེད།

    བསོད་ནམས་སྒྲོལ་མའི་ཁྱིམ་ནས་ཐོན་སྐབས་ཕྱི་དྲོའི་དུས་ཚོད་ཟིན་ནའང་། ཉིན་གང་བོར་ལས་ཀར་བྲེལ་བའི་འཁོར་བཞོན་ཡན་ལག་རུ་ཆུང་ད་དུང་ས་ཚིགས་རྗེས་མར་བསྐྱོད་དེ་སྒྲོག་འགྲེལ་བྱེད་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྐད་སྒྲ་ཡང་ཁོང་ཚོ་མདུན་དུ་སྐྱོད་པ་དང་བསྟུན་ནས་ཀུན་ལ་ཁྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།