[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བློ་མཐུན་རག་སྡིས་ཀྱིས《ཆབ་སྲིད་ཨུ་ཡོན་རེན་རུང་དང་བོད་ཀྱི་མི་དམངས་སེམས་པ་གཅིག་ཏུ་འབྲེལ》ཞེས་པའི་མིང་བཀོད་རྩོམ་ཡིག་སྤེལ་ནས་བློ་མཐུན་རེན་རུང་ལ་དྲན་གསོ་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-03

     ཉེ་དུས་བློ་མཐུན་རག་སྡིས་ཀྱིས《ཆབ་སྲིད་ཨུ་ཡོན་རེན་རུང་དང་བོད་ཀྱི་མི་དམངས་སེམས་པ་གཅིག་ཏུ་འབྲེལ》ཞེས་པའི་མིང་བཀོད་རྩོམ་ཡིག་སྤེལ་ནས་བློ་མཐུན་རེན་རུང་ལ་དྲན་གསོ་ཞུས་པ་རེད། རྩོམ་ཡིག་ནང་། 2017ལོའི་ཟླ་6ཚེས་16ཉིན་ང་ཚོའི་གུས་པར་འོས་པའི་བློ་མཐུན་རེན་རུང་ཝུའུ་ཧན་དུ་སྐུ་གཤེགས་ཤིང་། བློ་མཐུན་རེན་རུང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ལ་འབྲེལ་ནས་ཡོད་པས། གཏམ་ངན་དེ་ཐོས་སྐབས། ང་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་བོད་སྡོད་དཔུང་སྡེའི་དཔོན་དམག་ཚང་མ་སྐྱོ་གདུང་དང་། བློ་ཕམ། དྲན་གདུང་བཅས་བྱུང་ཞེས་འཁོད་ཡོད།

    རྩོམ་ཡིག་ནང་བློ་མཐུན་རེན་རུང་ནི་སྙན་གྲགས་ལྡན་ལ་མཛད་རྗེས་བླ་ན་མེད་པའི་དམར་དམག་རྒན་གྲས་དང་། ཏང་ཡོན་རྒན་གྲས། གསར་བརྗེ་པ་རྒན་གྲས་བཅས་དང་། བོད་དུ་སྙན་གྲགས་ཤིན་ཏུ་ཆེ་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་བོད་སྡོད་དཔུང་སྡེས་བརྩི་བཀུར་དང་དགའ་ཞེན་བྱེད་པའི་འགོ་ཁྲིད་རྒན་གྲས་དང་། རྒན་རབས་པ། དཔུང་སྡེའི་ཧྲི་ཀྲང་ཡག་པོ་བཅས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ནམ་ཡང་དགའ་ཞེན་བྱེད་པའི་ཆབ་སྲིད་ཨུ་ཡོན་རེན་རུང་ལགས་རེད། ཁོང་གི་མི་ཚེ་གཅིག་ནི་གསར་བརྗེ་དང་། དམག་འཐབ། གཟི་བརྗིད་བཅས་ཀྱི་མི་ཚེ་གཅིག་རེད་ལ། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་སླད་དུ་འབད་འཐབ་བྱེད་པའི་མི་ཚེ་གཅིག་ཀྱང་རེད། ལོ་དྲུག་ཅུ་ལྷག་རིང་གི་གསར་བརྗེའི་ལོ་རྒྱུས་ནང་ཁོང་གིས་གུང་ཁྲན་རིང་ལུགས་ཀྱི་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། མི་རིགས་ཁག་གི་མི་དམངས་ལ་དགའ་ཞེན་ཚད་མེད་བྱེད་པ། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་བྱ་གཞག་སླད་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་བཏོན་ནས་སུབ་ཐབས་བྲལ་བའི་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད་ཅེས་འཁོད་ཡོད།

    རྩོམ་ཡིག་ནང་། ཆབ་སྲིད་ཨུ་ཡོན་རེན་རུང་གི་མི་ཚེ་གཅིག་ནི་དམག་འཐབ་ཁྲོད་བྱས་རྗེས་བླ་ན་མེད་པ་བཞག་ཡོད། ཁོང་དགུང་ལོ་བཅུ་དྲུག་ནས་དམར་དམག་ནང་ཞུགས་ཏེ་གསར་བརྗེའི་བྱ་གཞག་སྒྲུབ་ཅིང་། སི་ཁྲོན་དང་ཧྲའན་ཤིས་སུ་དམག་འཐབ་ནང་ཞུགས་ནས་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ལ་ཞུགས་པ་དང་། གངས་རི་དང་རྩྭ་ཐང་ཐེངས་གསུམ་བརྒལ་ནས་ལྷག་བསམ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་ཞིག་ཏུ་གྱུར་བ། རི་འགོག་དམག་འཁྲུག་རིང་ཧྲའན་ཤིས་དང་ཀན་སུའུ་ཉིང་ཞ་བཅས་མཐའ་ཁུལ་སྲུང་སྐྱོང་དམག་འཐབ་ནང་ཞུགས་པ།  རྨ་ཆུ་སྲུང་སྐྱོང་དང་ལྷོ་རྒྱུད་ཀྱི་ཧུའུ་ནན་དང་ཀོང་ཏུང་དུ་ཕེབས་ནས་རི་པིན་བཙན་འཛུལ་པར་དཔའ་ངར་ཆེན་པོས་རྡུང་རྡེག་བཏང་བ། བཅིངས་འགྲོལ་དམག་འཐབ་སྐབས་དཔུང་སྡེའི་སྣེ་ཁྲིད་ནས་རེ་ལེའོ་ལ་དམག་འཐབ་བྱེད་པར་ཕེབས་པ་དང་ལེའོ་ཧྲེན་དམག་འཐབ་ནང་ཞུགས་ཏེ་བྱས་རྗེས་གཟེངས་སུ་ཐོན་པ་བཞག ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཨ་འགོག་ཁྲའོ་རོགས་དམག་འཐབ་ནང་ཞུགས་ནས་ཁྲའོ་ཞན་དམག་དོན་དམག་འཐབ་མཚམས་འཇོག་ཨུ་ལྷན་གྱི་ཨུ་ཡོན་ཡིན་པའི་ངོས་ནས་པན་མེན་ཏན་དུ་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་གནང་བ་དང་། ཏན་ཏུང་དུ་བཅའ་སྲུང་གིས་མེས་རྒྱལ་གྱི་ཤར་སྒོ་ཆེ་མོར་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་སྲུང་སྐྱོང་ཆེད་དུ་དཀའ་སྤྱད་འབད་འཐབ་བྱས་ནས་བྱས་རྗེས་བླ་ན་མེད་པ་བཞག “ཁྲི་ལོར་བརྟན་པའི་དམག་དཔུང”ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བཀའ་མངགས་ཀྲུང་ཡོན་དུ་ཕེབས་ནས་དཔའ་ངར་ཆེར་བསྐྱེད་དང་སྲིད་བཀུར་དམངས་གཅེས་བྱས་ཏེ་ལྕགས་ལྟར་སྲ་བའི་དམག་དཔུང་བཙུགས་པ་དང་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་དུང་གཅིག་སྒྲིལ་ཡོང་ཕྱིར་ཁ་ཞེ་གཉིས་མེད་གནང་བའི་མཛད་རྗེས་དག་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཡོད་ཅེས་བསྟན་ཡོད་པ་རེད།

    1964ལོར་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཆབ་སྲིད་ཨུ་ཡོན་རེན་རུང་བོད་དུ་ལས་ཀ་བྱེད་པར་གཏོང་རྒྱུའི་གཏན་འཁེལ་གནང་བ་དང་། ཁོང་གིས་བོད་དུ་ཕྱག་ལས་ལོ་བཅུ་དྲུག་ཏག་ཏག་གནང་ཞིང་། སྔ་རྗེས་སུ་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་དང་ཆབ་སྲིད་ཨུ་ཡོན་དང་། ཁྲེང་ཏུའུ་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་དང་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་དང་པོའི་འགན་གཅིག་ལྕོགས་བཞེས་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་དང་། རང་སྐྱོང་ལྗོངས་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སོགས་འགོ་ཁྲིད་གཙོ་བོའི་འགན་བཞེས་མྱོང་ཡོད་པ་རེད། ཆབ་སྲིད་ཨུ་ཡོན་རེན་རུང་གིས་བོད་དུ་ཕྱག་ལས་གནང་སྐབས་ཀྱི་འོག་རིམ་དང་། ལས་རོགས། མཛའ་གྲོགས་བཅས་ཡིན་པའི་ངོས་ནས་རང་ཉིད་ཀྱིས་ཁོང་གིས་བོད་དུ་ཏང་སྲིད་དམག་ཉེན་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་བརྩོན་དང་དཔའ་ངར་ཞུམ་མེད་གནང་སྟེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྐུལ་འདེད། མེས་རྒྱལ་གྱི་ལྷོ་ནུབ་མཐའ་སྲུང་སྲ་བརྟན། མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། གྲངས་ཉུང་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱས་ནས་འཚར་ལོངས་ཡོང་རྒྱུ་བཅས་ཀྱི་ཆེད་དུ་སེམས་ཤུགས་དང་རྔུལ་ཆུ་འདོན་པ་དང་དཀའ་བ་ཚད་མེད་སྤྱད་དེ་བསུབ་ཐབས་བྲལ་བའི་མཛད་རྗེས་གལ་ཆེན་བཞག་གནང་བར་ར་སྤྲོད་བྱ་རྒྱུ་བྱུང་བ་ནི་ང་རང་གི་རླབས་ཆེའི་གཟི་བརྗིད་དུ་བརྩི་ཡི་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་གི་འཕེལ་རིམ་རླབས་ཆེན་ཁྲོད་ཆབ་སྲིད་ཨུ་ཡོན་རེན་རུང་གི་ཉམས་པ་མེད་པའི་མཛད་རྗེས་འཁོད་ཡོད་པ་རེད།

    རྩོམ་ཡིག་ནང་འཁོད་དོན། བོད་དུ་ལོ་བཅུ་དྲུག་ཕྱག་ལས་གནང་བའི་རིང་། ཆབ་སྲིད་ཨུ་ཡོན་རེན་རུང་གིས་སྲ་ཞིང་བརྟན་པའི་དད་སེམས་དང་། དྭངས་ཤིང་གཙང་བའི་ཏང་གཤིས། བླ་ན་མེད་པའི་མི་གཤིས་བཅས་ལ་བརྟེན་ནས། ཀྱག་ཀྱོག་ལམ་བུའི་ཐོག་ཐོག་མཐའ་བར་གསུམ་དུ་ཏང་གི་བྱ་གཞག་གཙོ་ཆེར་འཛིན་པ་དང་། དམ་བཅའ་མི་དོར་བ། སྤྱི་ཡོངས་ལ་བསམ་བློ་གཏོང་བ། སེམས་ནུས་ཡོད་རྒུ་འདོན་པ། འབད་འཐབ་ཧུར་ཐག་བཅས་གནང་བ་དང་། ཁོང་གིས་དམ་པ་དོན་གཉེར་དང་། ཁེངས་སྐྱུང་སྒམ་ནན། སྤྱོད་ཚུལ་བབ་ཆགས། སྤྱོད་གཙང་གཞུང་དྲང་། གཞུང་དྲང་གནོངས་མེད་བཅས་གནང་བ་ནི“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”གསར་གཏོད་བྱེད་མཁན་དང་ལྷག་བསམ་དག་པའི་ལག་ལེན་པ་ཡིན་པ་དང་། ཁོང་གིས་རང་གཅུན་ནན་པོ་དང་། གཞན་ལ་དཀྱེལ་ཆེ། སྲིད་བརྩོན་སྤྱོད་གཙང་། རྒྱུ་རྔན་ཟས་གནོངས་མེད་པ། གཞུང་སེམས་ལས་སྒེར་སེམས་བྲལ་བ་བཅས་གནང་བ་དང་། སྤུན་མཆེད་དང་བུ་ཕྲུག་ལ་ཐོག་མཐའ་བར་གསུམ་དུ་རེ་བ་ནན་པོ་འདོན་པ་མ་ཟད། བུ་ཕྲུག་ལ་སློབ་གསོ་དང་དོ་དམ་བྱེད་མཁས་ལ། རྩ་འཛུགས་ལ་དམིགས་བསལ་གྱི་རེ་བ་གང་ཡང་འདོན་མྱོང་མེད། ཁོང་གི་བླ་ན་མེད་པའི་གསར་བརྗེའི་ཕུགས་འདུན་དང་དད་སེམས་དང་ཆབ་སྲིད་ཀྱི་བསམ་བློ་ཀུན་སྤྱོད་དང་། མི་དམངས་ལ་ལྷག་བསམ་རྣམ་པར་དག་པ། འོད་སྟོང་འཕྲོ་བའི་གསར་བརྗེའི་བགྲོད་ལམ། ཕུན་སུམ་ཚོགས་པའི་གསར་བརྗེའི་ཉམས་མྱོང་། གསར་བརྗེའི་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེན་པོ། རང་དོན་རྒྱབ་སྐྱུར་གྱི་ལས་སྒྲུབ་སྙིང་སྟོབས་བཅས་ལ་ད་ཆ་ཡང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་བོད་སྡོད་དཔུང་སྡེའི་གོང་བཀུར་དང་། གུས་འདུད། དགའ་ཞེན་བཅས་ཚད་མེད་ཐོབ་ཀྱི་ཡོད་པ་རེད།

    ཆབ་སྲིད་ཨུ་ཡོན་རེན་རུང་བོད་ནས་ཁ་བྲལ་ཡང་བོད་ཀྱི་བརྟན་ལྷིང་འཕེལ་རྒྱས་དང་དར་རྒྱས་ཡར་ཐོན་ལ་ནམ་ཡང་ཐུགས་ཁུར་གནང་གི་ཡོད་པ་རེད། ཁོང་བོད་དུ་སྔ་རྗེས་སུ་ཐེངས་གཉིས་ཕེབས་ནས་བོད་ཀྱི་འཕེལ་རྒྱས་གསར་པ་དང་། འཕོ་འགྱུར་གསར་པ། གྲུབ་འབྲས་གསར་པ་བཅས་གཟིགས་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་རེད། ལྗོངས་ཏང་ཨུད་ཀྱིས་འཚོགས་པའི་བོད་དུ་ཕྱག་ལས་གནང་མྱོང་བའི་འགོ་ཁྲིད་རྒན་གྲས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག ཁོང་གིས་སྔོན་ཆད་ང་བོད་དུ་སྡོད་སྐབས། ལས་དོན་ཅུང་ཙམ་བསྒྲུབས་རུང་མི་འདང་ས་དང་ཞན་ཆ་མང་པོ་ཡོད། ད་ཆ་བོད་ཀྱི་བརྟན་ལྷིང་འཕེལ་རྒྱས་ཀྱི་དུས་བབ་ཧ་ཅང་ཡག་པོ་ཡོད་པ་དང་འཕོ་འགྱུར་ཡང་ཆེན་པོ་བྱུང་འདུག ཁྱེད་ཚོས་ཕྱག་ལས་ཡག་པོ་གནང་འདུག ང་ཧ་ཅང་དགའ་བྱུང་ཞེས་གསུངས་པ་དེའི་ཐོག་ནས་དམར་དམག་རྒན་གྲས་ཤིག་དང་། ཏང་ཡོན་རྒན་གྲས་ཤིག གསར་བརྗེ་པ་རྒན་གྲས་ཤིག་བཅས་ཀྱི་བློ་རྒྱ་དང་བླ་ན་མེད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་གང་ལེགས་མཚོན་ཡོད་པ་རེད།

    རྩོམ་ཡིག་དེའི་མཇུག་ཏུ། རྡོ་རྗེ་བྲག་ལ་རྒས་རྒྱུ་མེད། གངས་ལྗོངས་བསྐལ་བརྒྱར་དར་ཞིང་རྒྱས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཆབ་སྲིད་ཨུ་ཡོན་རེན་རུང་ལ་ནམ་ཡང་རྗེས་དྲན་ཞུ་རྒྱུ་ཡིན། བོད་དུ་བཞུགས་པའི་ལོ་བཅུ་དྲུག་རིང་ཆབ་སྲིད་ཨུ་ཡོན་རེན་རུང་གིས་ཏང་དང་སྲིད་གཞུང་གི་ཚབ་ཞུས་ནས་མི་རིགས་ཁག་གི་མང་ཚོགས་ལ་དྲོད་ཁོལ་སྦྱིན་པའི་གཏམ་སྤྱོད་རེ་རེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་ཡིད་ལ་བརྟན་པོར་འཛིན་ངེས། ཁོང་གིས་གསོ་སྐྱོང་གནང་བའི་མི་རིགས་ཁག་གི་ལས་བྱེད་པ་ཚོས་བོད་ཀྱི་འཐབ་ས་ཁག་ཏུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། ཁོང་གིས་བོད་འཕེལ་རྒྱས་བརྟན་ལྷིང་ཡོང་ཐད་ཕུལ་བའི་ལེགས་སྐྱེས་ཆེན་པོ་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་དེབ་ཐེར་ནང་དུ་འཁོད་ཡོད། མེས་རྒྱལ་གྱིས་ནམ་ཡང་བརྗེད་མི་སྲིད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། བློ་མཐུན་རེན་རུང་ནམ་ཡང་མི་ནུབ་པར་གྱུར་ཅིག་ཅེས་འཁོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།