[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཕྱུག་འགྱུར་ལམ་བུའི “སྣེ་ཁྲིད་པ”

    —— ལྷུན་རྩེ་རྫོང་གི་ཕུལ་བྱུང་གུང་ཁྲན་ཏང་ཡོན་བག་གྲོ་རྒན་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    ལྷུན་རྩེ་རྫོང་དུ་བག་གྲོ་རྒན་པའི་སྐོར་གླེང་སྐབས། ངོ་ཤེས་མིན་ཀུན་གྱིས་མཐེ་བོང་བསྒྲེངས་ནས“སྤྱི་གཉེར་བག་གྲོ་ལགས་དངོས་འབྲེལ་ཡག་པོ་འདུག”ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།

    མང་ཚོགས་དང་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་རིང་ཁོང་ཉིད་ལོ་ལྔ་བསྟུད་མར་ལྷུན་རྩེ་རྫོང་གི“ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་བདམས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་རང་སྐྱོང་ལྗོངས་རིམ་པའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”ལ་ཐེངས་མང་བདམས་ཤིང་། 2016ལོར་བག་གྲོ་རྒན་པ“ལྷོ་ཁ་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པར”བདམས་པ་རེད།

    དབུལ་པོ་ཞིག་ནས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པ།

    ལྷུན་རྩེ་གྲོང་རྡལ་སྦྲ་སྒོར་གྲོང་ཚོའི་བག་གྲོ་རྒན་པའི་ཁྱིམ་ཚང་ཧ་ཅང་དབུལ་བས་དམའ་རིམ་སློབ་འབྲིང་ཐོན་རྗེས་ཕྱིར་གླ་པར་བསྐྱོད་པ་རེད།

    1997ལོར་ཁོང་གིས་ཡུལ་དེའི་གཞོན་ནུ་སྒྲིག་འཛུགས་བྱས་ནས་ཨར་ལས་ཆུང་ཆུང་ཞིག་གི་འགན་བླངས་ཤིང་། དེ་ནི་སྦྲ་སྒོར་གྲོང་ཚོའི་ཞིང་པའི་ཨར་ལས་རུ་ཁག་གི་ཐོག་མའི་བཀོད་པ་ཡིན་པ་རེད།

    ཁ་དན་ཚིག་ལ་གནས་པ་དང་། གྲོང་ཚོའི་གཞོན་ནུ་ཡོངས་ཧུར་བརྩོན་ལྡན་ཞིང་སྡུག་རུས་ཆེ་བས། ཨར་ལས་རུ་ཁག་གིས་འགན་བླངས་པའི་ལས་ཀའི་རྣམ་གྲངས་སྔར་བས་མང་དུ་ཕྱིན་ལ་གཞི་ཁྱོན་ཡང་ཆེ་རུ་ཕྱིན་ནས། ཨར་ལས་རུ་ཁག་ལ་དེ་སྔའི་མི་30ལྷག་ཙམ་ནས་ད་ཆའི་མི་650ལྷག་ཙམ་བར་མང་དུ་ཕྱིན་པ་དང་། ལས་མིའི་གླ་ཕོགས་ཀྱང་ལྡབ་ཁ་ཤས་འཕར་བ་རེད།

    “2008ལོར་ཨར་ལས་རུ་ཁག་ལ་ཞུགས་སྐབས་ང་ཚོའི་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་སྐྱོ་པོ་ཡོད། ད་ཆ་ཁང་པ་གསར་པ་བརྒྱབ་ནས་འདྲུད་འཐེན་འཁོར་ལོ་ཉོས་པ་མ་ཟད། ད་དུང་བཅོལ་དངུལ་ཡང་ཡོད། སྤྱི་གཉེར་བག་གྲོ་ལགས་དང་མཉམ་དུ་ལས་ཀ་བྱས་ན་ནོར་མེད། ང་ཚོ་ཁོང་ལ་ཡིད་ཆེས་ཆེན་པོ་ཡོད”ཅེས་ཨར་ལས་རུ་ཁག་གི“ལས་མི་རྒན་གྲས”དཔལ་འབྱོར་གྱིས་བཤད།

    མང་ཚོགས་ལ་དངོས་འབྲེལ་ཕན་འདོགས་པ།

    གཉེར་སྐྱོང་གི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་སྦྲགས་བག་གྲོ་རྒན་པས་སྔ་རྗེས་སུ་བྱེ་རྡོ་ར་བ་དང་། རྡོ་ར། ཨར་ཁང་། སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་། བཞོན་མའི་མཉམ་ལས་ཁང་བཅས་བཙུགས་ནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་མོད། འོན་ཀྱང་བག་གྲོ་རྒན་པའི་ངོས་ནས་བརྗོད་ན་ཡུལ་མི་དབུལ་པོ་རྣམས་མ་དོར་བར་མང་ཚོགས་ལ་རོགས་སྐྱོར་བྱ་རྒྱུ་ནི་ཁོང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེ་ཤོས་ཡིན་པ་རེད།

    2016ལོའི་ཟླ་བ་དྲུག་པར་ཚེ་རིང་དབང་རྒྱལ་གྱིས་ལོ་བཅུ་ཕྲག་ཁ་ཤས་བསྡད་པའི་ཁང་པ་རྙིང་པར་ཐིགས་པ་བརྒྱབ་པ་དང་ཐེངས་ཁ་ཤས་བཟོས་རུང་ཕན་ཐོགས་བྱུང་མེད། ཁང་གསར་ཞིག་རྒྱག་རྒྱུ་ནི་དཀའ་ངལ་ཡོད་པའི་ཚེ་རིང་དབང་རྒྱལ་གྱི་ངོས་ནས་བརྗོད་ན་ལས་སླ་བའི་བྱ་བ་ཞིག་གཏན་ནས་མིན།

    “ངའི་གཉེན་ཉེ་ཞིག་ལྷུན་རྩེ་གཙང་པོའི་ཨར་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས་བག་གྲོ་རྒན་པ་བཙལ་ནས་ང་ཚོའི་ཁྱིམ་གྱི་གནས་ཚུལ་བཤད་འདུག ངས་དོན་དེར་རེ་བ་ཆེན་པོ་འཆང་མྱོང་མེད། བསམ་ཡུལ་ལས་འདས་པ་ཞིག་ལ་བག་གྲོ་རྒན་པས་གནས་ཚུལ་བརྟག་དཔྱད་བྱས་རྗེས་ཉིན་གཉིས་པར་རྒྱུ་ཆ་བསྐྱལ་བ་དང་ཨར་ལས་རུ་ཁག་ཁྲིད་ཕེབས་བྱུང”ཞེས་ཚེ་རིང་དབང་རྒྱལ་གྱིས་བཤད། 2016ལོའི་ཟླ་12ཚེས་16ཉིན་ཚེ་རིང་དབང་རྒྱལ་གསར་དུ་བརྒྱབ་པའི་ཁང་གསར་དུ་སྤོས་པ་རེད།

    སྦྲ་སྒོར་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དུ་བསྡུས་པའི་དུད་ཚང་དབུལ་པོ་25དག་ལ་ཟླ་རེར་གླ་ཕོགས་ཉུང་མཐར་ཡང་སྒོར་2500ཡོད་པ་མ་ཟད། ད་དུང་རང་ཁྱིམ་གྱི་ཞིང་ལས་ཀྱང་འཐུས་ཤོར་འགྲོ་གི་མེད། ལྷུན་རྩེ་གཙང་པོའི་ཨར་ཁང་གི་ལས་མི་60ལྷག་ཙམ་ལས་ལྔ་ཆ་གཅིག་དུད་ཚང་དབུལ་པོ་རེད། དབུལ་པོའི་ལས་ཞུགས་སྡེབ་ཚོང་པུའུ་རུ་མང་ཚོགས་དབུལ་པོ་11བསྡུས་པ་དང་ཁོང་ཚོར་ཟླ་བ་རེར་གླ་ཕོགས་སྒོར་3000ནས་4000བར་སྤྲོད་པ་དང་། ཞིང་པའི་ཨར་ལས་རུ་ཁག་གི་ལས་ཞུགས་ལས་མི་650ལྷག་ཙམ་ལ་ཟླ་བ་རེར་གླ་ཕོགས་སྒོར་3500ལྷག་ཙམ་སྤྲོད་པ་ལ་སོགས་པ་ནི་བག་གྲོ་རྒན་པའི་ལས་ཞུགས་དབུལ་སྐྱོར་གྲུབ་འབྲས་ཀྱི་ཕྱོགས་ཙམ་རེད།

    ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་ཀྱིས་དབུལ་སྒྲོལ་རོགས་རམ་བྱས་པ།

    “ད་ཆ་འཚོ་བ་ལེགས་སུ་ཕྱིན་པས། ངས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཏང་ཞུགས་ཧུར་བརྩོན་ཅན་ཞིག་ནས་འགོ་བཙུགས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཕ་ཡུལ་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་2004ལོར་བག་གྲོ་རྒན་པས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་རྒྱུའི་རེ་ཞུ་ཕུལ་བ་དང་། 2005ལོར་གཟི་བརྗིད་ངང་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར།

    ཏང་གི་དམག་འཐབ་མཁར་རྫོང་ནུས་པ་སྔར་བས་ཆེ་རུ་དང་འདོན་སྤེལ་བྱ་ཆེད། 2013ལོར་བག་གྲོ་རྒན་པས་རང་འགུལ་ངང་སྦྲ་སྒོར་གྲོང་ཚོར་ཞིང་འབྲོག་པའི་ཨར་ལས་རུ་ཁག་གི་ཏང་ཀྲི་པུའུ་འཛུགས་རྒྱུའི་རེ་འདུན་ཞུས། མིག་སྔར་ཏང་ཀྲི་པུའུ་བཙུགས་ཟིན་ནས་ཏང་ཡོན་20བར་མང་དུ་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།