[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་གཞིས་རྩེར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

    ཚེས་9དང་10ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གཞིས་རྩེ་གྲོང་ཁྱེར་དུ་བརྟན་ལྷིང་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་མཉམ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུབས་ལམ་ནི་གྲོང་ཁྱེར་འཁོར་རྒྱུག་འགན་ལེན་བྱེད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ས་གནས་ས་ཐོག་ཏུ་ཏིང་ཡེ་ཤན་གྱིས་རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་གནས་ཚུལ་ངོ་སྤྲོད་གསན་པ་དང་ཁོང་གིས་འཆར་འགོད་ཡག་པོ་བྱེད་པ་དང་། རྣམ་གྲངས་ལ་ཆོག་མཆན་མགྱོགས་པོ་སྤྲོད་པ། རིམ་དབྱེའི་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་འཛུགས་སྐྲུན་ཚད་ལྡན་བྱེད་དགོས་པ། མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་རྣམ་གྲངས་འཛུགས་སྐྲུན་ནང་འཇོག་པར་ལྕག་སྐུལ་དང་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ། རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་དོ་དམ་ཡག་པོ་བྱས་ནས་སྣོད་བཅུད་འདུ་འགོད་དང་། དམངས་འཚོའི་འདུ་འགོད། སྤུས་ལེགས་འདུ་འགོད་བཅས་འཛུགས་སྐྲུན་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    “སྡོད་ཁང་གསར་པའི་རྒྱ་ཁྱོན་ག་ཚོད་ཡོད་དམ། ནང་མི་ག་ཚོད་ཡོད་དམ། སྡོད་ཁང་གསར་པའི་ནང་སྐྱིད་པོ་འདུག་གམ”བསམ་གྲུབ་རྩེ་ཁུལ་གསར་དུ་གནས་སྤོ་བྱས་པའི་ཆུང་བདག་ཚེ་རིང་དང་རིག་འཛིན་ལྷ་མོའི་ཁྱིམ་དུ་ཏིང་ཡེ་ཤན་གྱིས་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། སྲིད་ཇུས་འགྲེལ་བཤད་རྒྱག་པ། འཕེལ་རྒྱས་སྐོར་གླེང་གནང་བ་རེད། ཆུང་བདག་ཚེ་རིང་གིས་སེམས་འགུལ་ཟབ་མོ་ཐེབས་པའི་ངང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག ང་ཚོ་སྡོད་ཁང་གསར་པའི་ནང་ཧ་ཅང་སྐྱིད་པོ་འདུག ད་ཆ་ཟ་ཁང་ཆུང་ཆུང་ཞིག་བཙུགས་ནས་གཏན་འཇགས་ཀྱི་ཡོང་འབབ་ཡོད་པས་འབྱུང་འགྱུར་འཚོ་བ་དེ་བས་སྐྱིད་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད། ཏིང་ཡེ་ཤན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་གིས་མཉམ་དུ་ཡོང་མཁན་བློ་མཐུན་ཚོར་ངེས་པར་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཞུགས་ཐུབ་པ། འབབ་འཕར་ཡོང་བ”བཅས་འགན་ལེན་བྱེད་དགོས་པའི་བཀའ་མངག་གནང་བ་རེད།

    གཞིས་རྩེ་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོའི་བཀོད་འདོམས་པུའུ་རུ། ཏིང་ཡེ་ཤན་གྱིས་བརྙན་ལམ་བརྒྱུད་རྫོང་དང་ཆུས་ཁག་གི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ལས་རེས་དང་ལས་སྣེ་ཁྲིད་ཚུལ་ལ་ཞིབ་བཤེར་གནང་བ་དང་གྲོ་མོ་དང་། ལྷ་རྩེ། རྒྱལ་རྩེ་སོགས་རྫོང་གི་ལས་ཀའི་གནས་ཚུལ་སྙན་ཞུ་གསན་ནས་གཞིས་རྩེ་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུ་དང་བློ་ཐག་གཙང་བཅད་ཀྱིས་འཐབ་འཛིང་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་དམིགས་ཚད་ཁ་གསལ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་སྤྱི་ཡོངས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ནས་བདེ་སྡོད་ཉེན་བསམ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་རང་བཞིན་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་པ། ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་གང་ལ་ཕན་པ་འདོགས་པ་དང་ཕན་པ་གང་ནས་བྱུང་བ་དང་ཆག་སྒོ་གང་ན་ཡོད་པ་དང་ཆག་སྒོ་གང་ནས་ཐོན་པ་ཤེས་སུ་འཇུག་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་སྔོན་ཇུས་ཡག་པོ་བཟོས་ནས་གཙོ་གནད་ས་ཁོངས་དང་། གཙོ་གནད་གནས་ས། གཙོ་གནད་དམིགས་ཚད། གཙོ་གནད་མི་སྣ། གཙོ་གནད་ལས་དོན་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་སྔོན་ཚོད་ཉེན་བརྡ་དང་སྔོན་འགོག་ལ་ཤུགས་སྣོན་རྒྱག་དགོས་པ། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ནས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་། ལག་ཐོག་ཏུ་བཟུང་བ། བྱ་སྤྱོད་ནས་དོན་འཁྱོལ་བཅས་བྱས་ཏེ་རྦད་དེ་བདེ་འཇགས་ཡོང་རྒྱུ་འགན་ལེན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས་པ། སྤྱི་ཡོངས་ཀྱི་བརྟན་ལྷིང་འགན་ལེན་བྱས་ནས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།