[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གངས་ལྗོངས་ས་མཐོ་རེ་བས་ཁེངས་ཤིང་བློ་བརྟན་འགྱུར་མེད་སྒོ་ནས་མདུན་སྐྱོད་བྱེད་བཞིན་པ།

    རྒྱལ་ཁབ་མང་པོའི་མི་སྣས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ལྟ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།    |    སྤེལ་དུས།   2017-10-12

    ཁོང་ཚོའི་མིག་ལམ་དུ་འདས་ཟིན་པའི་ལོ་ལྔའི་རིང་བོད་ལ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་ནི་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ལ་འབད་པ་ལྷུར་ལེན་བྱས་པ་དང་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བ་སོགས་བོད་ཀྱི་གྲུབ་འབྲས་མིག་ལྡན་ཀུན་གྱི་མཐོང་གསལ་དུ་གྱུར་ཡོད།

    ཁོང་ཚོ་ནི་དེ་སྔ་བོད་དུ་ཐེངས་མང་བཅར་འདྲིར་ཕེབས་མྱོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཡིན་ཞིང་། རྒྱལ་ཁབ་མི་འདྲ་བ་ནས་སླེབས་རུང་བོད་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་འཆང་མཁན་ཤ་སྟག་རེད། ཁོང་ཚོས་རང་ཉིད་ཀྱིས་གངས་ལྗོངས་ས་མཐོར་མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་ལ་ཡིད་ཆེས་བྱེད་བཞིན་ཡོད།

    གོམ་ཞེང་ཆེན་པོས་འཕེལ་རྒྱས་བཏང་། སྟོབས་ཤུགས་ཆེན་པོས་ཡར་བརྩོན་བྱེད།

    “བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་འདུག འདས་པའི་ལོ་29རིང་ང་བོད་དུ་འཚམས་འདྲིར་ཐེངས་17ཡོང་མྱོང་ཡོད། བོད་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དངོས་སུ་མིག་མཐོང་ལག་ཟིན་བྱུང་། ལྷ་ས་དང་ཉེ་འཁོར་ས་ཁུལ་རིམ་བཞིན་དེང་རབས་ཅན་ལ་འགྱུར་བཞིན་ཡོད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཚང་མར་ལེགས་བཅོས་ཧ་ཅང་ཆེན་པོ་བྱུང་འདུག”ཅེས་པིའར·ཝོ་ནོ་ཁེས་བཤད། ཁོང་དུས་ཡུན་རིང་པོའི་ནང་ཨ་རིའི་ཁོ་ལོ་ལ་ཏོ་ཀྲོའུ་པོའར་ཏེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད་ཅིང་། ཁོང་ནི“པོའར་ཏེ—ལྷ་སའི་གཅེན་གཅུང་གྲོང་ཁྱེར་རྣམ་གྲངས”ཀྱི་འགན་འཁུར་བ་ཡིན་པ་དང་ཁོང་གིས་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྙིང་དབུས་ནས་དགའ་པོ་བྱེད་ཀྱི་ཡོད།

    བོད་ཀྱི་ལྷོ་ཁ་ས་ཁུལ་དུ་འགྲོ་བའི་ལམ་བར་དུ་འཇར་མན་གྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་མཱ་ཁུ་སེ·ལོ་ཏའོ་ཧྥུའུ་ཡིས་ཡུལ་དེ་གའི་དེང་རབས་ཅན་གྱི་ཉམས་འགྱུར་མྱོང་བཞིན་དུ“གཞུང་ལམ་འགའ་ཤས་འཇར་མན་གྱི་གཞུང་ལམ་གྱི་ཆུ་ཚད་ལས་མཐོ་བ་འདུག་ལ། གསར་དུ་བསྐྲུན་པའི་ལྕགས་ལམ་དང་གློག་གཏོང་ལྕགས་སྒྲོམ་གློག་ཤིང་ཡོད་པ་མ་ཟད། ལག་ཐོགས་ཁ་པར་གྱི་བརྡ་རྟགས་ཀྱང་རྦད་དེ་ཁེངས་འདུག”ཅེས་བཤད།

    “ག་ས་ག་ལ་གློག་རླངས་ཅན་དུ་གྱུར་བ་མཐོང་རྒྱུ་འདུག དེས་ཡུལ་དེའི་དམངས་ཚོགས་ལ་ལས་ཞུགས་གོ་སྐབས་དེ་བས་མང་བ་སྦྱིན་ཐུབ”ཅེས་དེ་སྔ་གློག་རླངས་བཟོ་སྐྲུན་ཆེ་མོ་བ་ཡིན་པའི་ལོ་ཏའོ་ཧྥུའུ་ཡིས་རང་ཉིད་ཀྱི་ཆེད་ལས་ཀྱི་ལྟ་ཞིབ་ནུས་པར་བརྟེན་ནས་བོད་ལྗོངས་འཕེལ་རྒྱས་ཀྱི་འཕར་རྩ་ལྟ་ཐུབ་ཡོད།

    ལྷ་སའི་བཞོན་མ་གསོ་ཚགས་དཔེ་སྟོན་ལྟེ་གནས་ཤིག་ཏུ་ལུ་ཙེམ་པོག་གི་མཁས་དབང་ཨའར་པེ་ཐེ·ཨའེ་ཐིང་ཀེས་འདི་གར་ནེའུ་ཙི་ལན་ནས་ནང་འདྲེན་བྱས་པའི་རང་འགུལ་གྱི་འོ་འཇོའི་སྒྲིག་ཆས་འདུག་པས། སྔོན་མ་ལག་གཉིས་ལ་བརྟེན་ནས་འོ་མ་འཇོ་བའི་བོད་རིགས་འབྲོག་པས་དེང་དུས་མཐེབ་བཀྱག་མནོན་ཐེངས་གཅིག་ལ་རྙོག་དྲ་ཚ་བའི་ལས་ཀ་དེ་སྟབས་བདེ་པོས་སྒྲུབ་ཐུབ་ཅེས་བཤད།

    “ཀྲུང་གོ་སྲིད་གཞུང་གིས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་གཞོལ་ཏེ། ལག་རྩལ་གསར་ཤོས་ནང་འདྲེན་བྱས་པ་དང་སྔོན་ཐོན་གྱི་ལག་རྩལ་དེ་དག་ནི་ཤེད་ཤུགས་ཆེ་བའི་མེ་འཁོར་གྱི་མགོ་དང་འདྲ་བར་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཀྱི་འདུག”ཅེས་ཨའེ་ཐིང་ཀེས་བཤད།

    “ཀྲུང་གོའི་དཔལ་འབྱོར་སྤྱི་ཡོངས་འཕེལ་རྒྱས་ཁྲོད་ལས་བོད་ལ་ཕན་པ་སྔར་ལས་མང་བ་ཐོབ་བཞིན་འདུག འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་འདུག”ཅེས་སུའེ་ཙེར་ལོ་སང་སློབ་ཆེན་གྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨའོ་ཐུའོ·ཁའོ་པོ་ཡིས་བཤད། ཁོང་ལ་བོད་རིགས་ཁེ་ལས་མཁས་ཅན་གྱི་ཚོགས་པ་རིམ་བཞིན་རྒྱ་སྟོབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཚོང་ལས་དང་ཡུལ་སྐོར་སོགས་ཁྱབ་ཁོངས་སུ་འཇོན་ཐང་ཡག་པོ་ངོམས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་གསར་དམག་དཔུང་ལ་གྱུར་པའི་བག་ཆགས་ཟབ་མོ་བྱུང་ཡོད།

    སྲོལ་རྒྱུན་བཟང་པོར་བརྩི་སྲུང་ཞུས། འབྱུང་འགྱུར་ལ་ནི་བློ་ཁ་ཕྱོགས།

    ཨའེ་ཐིང་ཀེས་བོད་དུ་འགྲུལ་བཞུད་བྱེད་རིང་ཡུལ་དེའི་ལམ་བྱང་དུ་བོད་ཡིག་འཁོད་ཡོད་པ་དང་། བོད་ཡིག་ཚགས་པར་ཡོད་པ་མ་ཟད། སློབ་གྲྭར་བོད་ཡིག་སློབ་ཚན་ཡང་འཁྲིད་པ་མཐོང་ཡོད། བོད་ཀྱི་དགོན་སྡེ་མི་ཉུང་བ་ཞིག་ཏུ་བཅར་འདྲིར་བསྐྱོད་རྗེས་ལོ་ཏའོ་ཧྥུའུ་ཡིས་དགོན་སྡེ་དེ་དག་ལ་ཞིག་གསོ་དང་སྲུང་སྐྱོབ་ཞིབ་ཚགས་བྱས་ཡོད་པ་མ་ཟད། གནའ་གཞུང་དང་དཔེ་རྙིང་ཡང་ཉམས་བཟོ་ཡག་པོ་བྱས་ཡོད་པ་དང་། ན་གཞོན་སྔར་ལས་མང་བས་སྲིད་གཞུང་གི་ལྕག་སྐུལ་འོག་སྲོལ་རྒྱུན་གྱི་ལག་རྩལ་སྦྱོང་མུས་ཡིན་པ་ཤེས།

    “བོད་རྒྱ་སྐད་གཉིས་ཀྱི་སློབ་གསོས་བོད་ཀྱི་གཞོན་ནུ་ལོ་ཆུང་ཚོར་དེ་བས་ཡངས་པའི་འབྱུང་འགྱུར་གྱི་ལམ་ཞིག་བཙལ་ཡོད། ཁོང་ཚོ་ཕ་མེས་ནང་ལྟར་དགེ་འདུན་པ་བྱེད་པའམ་ཡང་ན་ཞིང་ལས་དང་འབྲོག་ལས་བྱེད་པ་དེ་རང་མ་ཡིན་པར་བསམ་ཚུལ་དང་གདམ་ག་སྔར་ལས་མང་བ་ཡོད”ཅེས་དེ་སྔ་བོད་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་གསུམ་འདོན་མྱོང་བའི་ཧྥ་རན་སེའི་མཚན་ཉིད་རིག་པ་བ་རྩོམ་པ་པོ་སུ་ཉི་ཡ·པུ་ལེ་སི་ལའེ་ཡིས་བཤད། ཁོང་གིས“བོད་ཀྱི་སློབ་གསོ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དེ་དེང་གི་བོད་ལྗོངས་སུ་རིག་གནས་ལ་བརྩི་འཇོག་བྱེད་པ་ལས་མངོན་པ་མ་ཟད། བོད་ཀྱིས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་དམིགས་པ་ཞིག་ཡིན་པ་དེ་བས་ཀྱང་མཚོན་ཐུབ”ཅེས་བཤད།

    ད་ཆ་ཧྥ་རན་སེ་བ་མང་པོ་ཞིག་གིས་པུ་ལེ་སི་ལའེ་ཡི་བརྩམས་ཆོས་ནས་དངོས་ཡོད་ཀྱི་བོད་ལྗོངས་རྒྱུས་མངའ་ཐུབ་ཡོད། “བོད་ཀྱི་ཡར་ཐོན་ལ་ནུབ་ཕྱོགས་སྨྱན་སྦྱོར་གྱིས་སྣང་ཆུང་ཤོར་བས་ངས་རང་ཉིད་ཀྱི་དཔེ་དེབ་བརྒྱུད་ཀློག་པ་པོས་དངོས་ཡོད་ཀྱི་བོད་ལྗོངས་རྒྱུས་མངའ་ལོན་པ་དང་བོད་ཀྱི་འཕེལ་རྒྱས་ཚོར་བར་ཕན་ཐོགས་པའི་རེ་བ་བྱེད་ཀྱི་ཡོད”པུ་ལེ་སི་ལའེ་ཡིས་ནུབ་ཕྱོགས་ཀྱི་མཁས་དབང་དང་དམངས་ཚོགས་ཀྱིས་དངོས་ཡོད་ཀྱི་བོད་ལྗོངས་ཤེས་རྟོགས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    “ནུབ་ཕྱོགས་བ་ཚོས་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་འཕེལ་རྒྱས་ལ་འབད་བརྩོན་བྱས་པ་ཤེས་དགོས་པ་ལས་ནུབ་ཕྱོགས་ཀྱི་དོན་དངོས་དང་མི་མཐུན་པའི་འཕྲིན་སྤེལ་གྱི་ཤུགས་རྐྱེན་ཐེབས་མི་རུང”“ཀྲུང་དབྱང་སྲིད་གཞུང་གི་རོགས་སྐྱོར་མེད་ན་བོད་ཀྱི་རིག་གནས་ད་ཆའི་བར་དར་རྒྱས་གོང་འཕེལ་འགྲོ་ཐབས་བྲལ་ཡོད”ཅེས་ཁོང་གིས་བཤད།

    “ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཚང་མ་དར་རྒྱས་གོང་འཕེལ་བྱུང་བ་དང་བོད་རིགས་ས་ཁུལ་དེ་སྔ་དང་བསྡུར་ན་སྔར་བས་འབྱོར་ཕྱུག་ལྡན་པར་གྱུར་ཡོད”མེས་རྒྱལ་དུ་བརྟག་ཞིབ་བྱེད་པར་ཡོང་རིམ་བཞིན་མེ་གླིང་བྱང་མའི་བོད་རིགས་སྤུན་ཟླ་ཚོགས་པའི་ཚོགས་གཙོ་སྤྲུལ་སྐུ་བདེ་ཆེན་དགྱེས་ཚོར་ཆེན་པོ་ཡོང་གི་ཡོད།

    “བོད་དུ་ཕྲུ་གུ་ཚོས་བོད་སྐད་ཡག་པོ་རྒྱག་ཐུབ་པ་དང་། རིག་གནས་རྒྱུན་འཛིན་ཡག་པོ་བྱུང་བ། དགོན་སྡེར་མཆོད་འབུལ་བྱེད་མཁན་མང་བ་བཅས་འདུག”“དེ་ལས་ལྡོག་སྟེ་ས་ཁོངས་ཕྱིའི་ཁ་ཕྲལ་ཕྱོགས་གཏོགས་ཁྲོད་ཀྱི་བོད་རིགས་ཁ་ཤས་ཀྱིས་བོད་སྐད་ཡག་པོ་ཤོད་མི་ཐུབ་པ་དང་། བོད་རིགས་ཀྱི་ཞབས་བྲོ་སྤྱིར་ན་རྒྱུན་ཆད་པ། མི་མི་ཉུང་བ་ཞིག་གིས་ཐ་ན་ཕྱུ་པ་ཡང་གྱོན་ཤེས་ཀྱི་མེད”ཅེས་ཁོང་གིས་བཤད།

    འཕེལ་རྒྱས་བྱུང་བའི་གྲུབ་འབྲས་ཀྱིས། དམངས་འཚོར་ཕན་པ་ཆེན་པོ་ཐོབ།

    ནེ་པ་ལ་ནེ་ཀྲུང་གཞོན་ནུ་མཛའ་མཐུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་པའོ་ཏེའར་གྱིས་དེ་སྔ་ལྟ་སྐོར་བྱེད་མྱོང་བའི་བོད་རིགས་གྲོང་ཚོ་ཞིག་སེམས་ལ་བརྟན་པོར་ངེས་ཡོད། “སྡོད་ཁང་ཚང་མ་སྲོལ་རྒྱུན་བཟོ་སྐྲུན་ཉམས་འགྱུར་ལ་གཞིགས་ཏེ་བསྐྲུན་པ་དང་། དེང་རབས་ཅན་གྱི་སྒྲིག་བཀོད་སྒྲིག་སྦྱོར་བྱས་པ། གྲོང་མི་རིན་མི་དགོས་པར་དེར་སྤོས་པ་བཅས་དེ་དག་ང་ཚོའི་བསམ་ཡུལ་ལས་འདས་སོང”ཞེས་ཁོང་གིས་བཤད།

    “དུས་རབས་གོང་མའི་ལོ་རབས་90པར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བུད་མེད་ཚན་ཁག་དང་བུ་སྐྱེ་ཚན་ཁག་གི་ནད་ཁང་ནི་ཁང་པ་ཐོག་གཅིག་མ་རྙིང་པ་ཤ་སྟག་རེད། ཉེ་བའི་ལོ་ཤས་རིང་ངས་བསྐྱར་དུ་དེར་བཅར་འདྲི་བྱེད་སྐབས་མིག་ལམ་དུ་འཆར་བ་ནི་ནང་སས་སྐྲུན་རོགས་བྱས་པའི་དེང་རབས་ཅན་གྱི་ནད་ཁང་དང་ནང་སའི་རིགས་གཅིག་མཁས་ཅན་གྱིས་ཡུལ་དེའི་སྨན་དོན་མི་སྣར་གསོ་སྦྱོང་བྱེད་པའི་རྣམ་པ་རེད་འདུག”ཅེས་ཝོ་ནུའོ་ཁེས་བཤད་པ་རེད།

    པུ་ལེ་སི་ལའེ་ཡིས་རྒྱུན་དུ“ཧང་སངས”པའི་རྣམས་འགྱུར་གྱིས་བོད་དུ་མཐོང་ཐོས་བྱུང་བའི་གནས་ཚུལ་མཚོན་པར་བྱེད་ཀྱི་ཡོད། ཁོང་གི་མིག་ལམ་དང་བརྩམས་ཆོས་ཐོག་བོད་ཀྱི་འཕེལ་རྒྱས་ནི་གསོན་ཉམས་ལྡན་པའི་གཏམ་རྒྱུད་རེ་རེ་རེད། “ངས་བོད་ཀྱི་མི་དམངས་རྒས་དུས་འཚོ་རྟེན་ཡོད་པ་མཐོང་བྱུང་། ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་དམངས་འཚོ་ལེགས་སུ་བཏང་བར་ཐོབ་པའི་གྲུབ་འབྲས་དངོས་སུ་ཚོར་བྱུང”ཞེས་ཁོང་གིས་བཤད།

    པུ་ལེ་སི་ལའེ་ཡིས་བོད་ཀྱི་རྒན་གསོ་ཁང་ཞིག་ཏུ་བཅར་འདྲི་བྱེད་སྐབས་དེར་ཡོད་པའི་བགྲེས་སོང་ཞིག་གིས“བོད་རྙིང་པར་རྒན་རྒོན་མང་ཆེ་བ་ལྟོ་ཡང་ཟ་རྒྱུ་མེད། ད་ཆ་ང་རྒན་གསོ་ཁང་དུ་བསྡད་དེ་ཚེ་མཇུག་བདེ་ལ་རོལ་བ་དང་ལྟོ་གོས་ལ་སེམས་ཁྲལ་མེད། དེ་དག་ཚང་མ་ནི་ད་ལྟའི་དུས་རབས་ལས་བྱུང་བ་ཞིག་རེད”ཅེས་ཁོང་ལ་བཤད།

    ཁོད་སྙོམས་པའི་འགྲོ་ལམ་ཁྱིམ་གྱི་སྒོ་ཁར་བཟོས་པ་དང་། རྒན་རྒོན་ལ་ཟླ་བ་མི་རེ་ངོ་རེར་འཚོ་བའི་ཁ་གསབ་ལེན་རྒྱུ་ཡོད་པ། ནད་ཕོག་པ་དང་འཚོ་བར་དཀའ་ངལ་འཕྲད་སྐབས་ལྟ་རྟོག་བྱེད་མཁན་ཡོད་པ་ལ་སོགས་སྤྲུལ་སྐུ་བདེ་ཆེན་གྱི་མིག་ལམ་དུ་དེ་དག་ནི་དགེ་བའི་ལས་རེད། ད་ཆ་ཁོང་གིས་མེ་གླིང་བྱང་མར་བྱེད་པའི་ལས་ཀ་མང་ཤོས་ནི་ཡུལ་དེའི་རྒྱལ་གཅེས་བོད་རིགས་སྤུན་ཟླ་ཚོར་མེས་རྒྱལ་དུ་ཕྱིར་ལོག་ནས་ལྟ་སྐོར་དང་གནས་མཇལ་དུ་བསྐྱོད་དེ་བོད་ཀྱི་ཉིན་རེ་ལས་མ་འདས་པར་ཐོན་པའི་རྣམ་པ་གསར་པ་ཤེས་རྟོགས་བྱ་རྒྱུར་སྐུལ་ལྕགས་དང་སྒྲིག་འཛུགས་བྱེད་པ་དེ་རེད།

    “བོད་འཕེལ་རྒྱས་གང་འདྲ་བྱུང་ཡོད་དམ། སུས་བཤད་པ་ནི་བདེན་པ་དང་སུས་བཤད་པ་ནི་རྫུན་མ་ཡིན་པ་ཕྱིར་ལོག་ནས་བལྟས་ན་ཤེས་ཐུབ”ཅེས་སྤྲུལ་སྐུ་བདེ་ཆེན་གྱིས་བཤད། ཁོང་གིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་ཁ་ཕྲལ་ཕྱོགས་གཏོགས་དང་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་གྱི་མགོ་སྐོར་འོག་མ་ཚུད་པ་བྱེད་དགོས་པའི་འབོད་སྐུལ་བྱེད་པ་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ས་ཕྱོགས་གང་དུ་གནས་ཀྱང་མེས་རྒྱལ་ལ་མོས་སེམས་འཆང་བ་དང་། མེས་རྒྱལ་ལ་དགའ་ཞེན། མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བཅས་བྱས་ཚེ་དངོས་སུ་འཕེལ་རྒྱས་མངོན་འགྱུར་ཐུབ་ཅེས་བཤད།

    ཨུ་རུ་སུའི་ཆབ་སྲིད་རིག་པའི་མཁས་དབང་ཀེན་ན་ཅིས·ཁེ་ལི་ཝོ་ཧྲི་ཡེ་ཕུའུ་ཡིས་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་སྣང་ཆེན་བྱས་ནས་ཁོང་ཚོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་ཀྱི་ཡོད། བོད་ཀྱི་དམངས་ཕན་འཕེལ་རྒྱས་ལས་ས་ཁུལ་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཡུན་རིང་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “ད་ཆ་བོད་ཡང་དག་པའི་འཕེལ་རྒྱས་ཀྱི་འཁོར་ལམ་དུ་སྐྱོད་བཞིན་ཡོད་པ་དང་ཀྲུང་གོ་སྲིད་གཞུང་གི་འགོ་ཁྲིད་འོག་བོད་ལ་དེ་བས་འོད་སྣང་འཕྲོ་བའི་འབྱུང་འགྱུར་ལྡན་པའི་ཡིད་ཆེས་ཡོད”ཅེས་ཨའེ་ཐིང་ཀེས་ཚིག་ཐག་ཆོད་པོས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།