[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་བཏིང་བ།

    ​ ལོ་ལྔའི་རིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-06

    རྩོམ་སྒྲིག་པའི་སྦྲགས་མཆན། 

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པའི་དུས་མཚམས་སུ་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད། དེ་ནི་ལྗོངས་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་དགའ་འོས་པའི་བྱ་བ་ཞིག་དང་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ངོམ་སྟོན། འབྱུང་འགྱུར་གྱི་ལས་དོན་བཀོད་སྒྲིག་བཅས་བྱེད་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“ཚོགས་འདུ་གཉིས་ཀྱི་དམིགས་བསལ་རྩོམ་ཡིག”གི་ལེ་ཚན་བཏོན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་གི་ལོ་ལྔའི་རིང་གི་ལས་དོན་ལ་དམིགས་ཏེ་འདས་ཟིན་པའི་ལོ་ལྔའི་རིང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་ངོམ་སྟོན་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་འཚོག་རྒྱུར་རྣམ་པ་ཟབ་མོ་ཞིག་བསྐྲུན་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ། 

    ཁྲོན་བོད་ལྕགས་ལམ་སྔ་སྣུར་དུ་བསྐྲུན་འགོ་ཚུགས་པ་དང་མེ་ཏོག་ལ་གཞུང་ལམ་ཤར་གཏོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་སོང་ནས“བོད་ཀྱི་འཐུང་ཆུ་ཡག་པོའི”སྤུས་རྟགས་འབུར་དུ་ཐོན་པ། 70%ཡན་གྱི་ནོར་ཤུགས་དམངས་འཚོའི་ཁྱབ་ཁོངས་སུ་བཏང་སྟེ་དམངས་འཚོའི་བྱ་བ་དངོས་མུ་མཐུད་ཡག་པོ་སྒྲུབ་པ་ལ་སོགས་རེད། 

    ལོ་5ཡི་རིང་བོད་ལྗོངས་འཕེལ་རྒྱས་འགྲོ་མགྱོགས་པ་དང་། འགྱུར་ལྡོག་ཆེ་བ། མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་མང་པོ་ཐོབ་པ་བཅས་སྐྱེ་བོ་ཀུན་གྱི་དོ་སྣང་ཐོབ་ཡོད། 

    ལོ་5ཡི་རིང་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་སོང་བ་དང་སྦྲགས། བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་རིམ་བཞིན་སྐྱོད་ཡོད། 

    རྒྱུན་སྲོལ་ལས་བརྒལ་བ་དང་གོམ་སྟབས་བརྟན་པ། 

    ལོ་5ཡི་རིང་བོད་ཀྱིས་ཀྲུང་དབྱང་གི་མ་འཇོག་བརྩོན་ལེན་ཧུར་ཐག་བྱས་པ་དང་ཐབས་བརྒྱ་ཇུས་སྟོང་ངང་སྤྱི་ཚོགས་ཀྱི་མ་འཇོག་དང་དམངས་ཁྲོད་ཀྱི་མ་འཇོག་སྐུལ་སློང་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ། ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ནང་གནས་གསོན་ཤུགས་ཆེ་རུ་བཏང་བ་བཅས་བྱས་ནས་་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མྱུར་ཚད་སྔ་ཕྱི་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོར་གནས་ཡོད། 

    འཚོགས་མ་ཐག་པའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག འདས་ཟིན་པའི་ལོ་5ཡི་ནང་བོད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་7749.9བཏང་བར་མ་འཇོག་བྱེད་ཚད་ལོར་ཆ་སྙོམས་20%འཕར་ཡོད་ཅེས་བཤད་པ་རེད། 

    ལོ་5ཡི་རིང་བོད་ཀྱིས་དམངས་འཚོའི་སྲིད་ཇུས་གལ་ཆེན་ཁག་ལག་ལེན་བསྟར་བ་དང་། ནོར་ཁྲལ་སྒྱུར་བཅོས་དང་། གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས། ནགས་དབང་ལམ་ལུགས། གཞུང་ཁོངས་མ་འཇོག་ཁེ་ལས་དང་གཞུང་ཁོངས་ཁེ་ལས། ཁྲོམ་རའི་ཆོག་འཐུས་ལམ་ལུགས་སོགས་སྒྱུར་བཅོས་རབ་དང་རིམ་པར་སྔར་བས་གཏིང་ཟབ་དང་སྐུལ་འདེད་བཏང་བ་དང་། རང་འགུལ་ངང“རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་བྱས་ཏེ་ལྷོ་ཨེ་ཤེ་ཡར་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་སྐྱིད་གྲོང་འགག་སྒོའི་ཀྲུང་ནེའི་ས་མཚམས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། ཁ་གཏད་བོད་སྐྱོར་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་སྨན་བཅོས་དང་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གཏིང་ཟབ་བྱས་པ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསར་དར་སྟོབས་ཤུགས་ཤིག་ལ་གྱུར་བ་རེད། 

    འཇུར་མིག་བསལ་བ་དང་དཀའ་ཚེགས་ཆེ་བའི་གཞུང་ལམ་ཤར་གཏོང་ཐུབ་པ། 

    2013ལོའི་ཟླ་10ཚེས་30ཉིན། མེ་ཏོག་གཞུང་ལམ་ཤར་གཏོང་ཐུབ་ནས“རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་རྫོང་གཅིག་པུའི”ལོ་རྒྱུས་མཇུག་འགྲིལ་བ་རེད། ཉིང་ཁྲི་གྲོང་ཁྱེར་ནས་ཐོན་ཏེ་བརྗིད་ཆགས་པའི་གངས་རི་སྐོར་བ་དང་། ཆུ་བོ་མང་པོ་སྒྲོལ་བ། དགའ་ལུང་ལའི་ཕུག་ལམ་སྒྲོལ་རྗེས“སྦས་ཡུལ་པད་མ་བཀོད”དེ་མེ་ཏོག་རྫོང་མི་རྣམས་ཀྱི་མིག་ལམ་དུ་འཆར། 

    ལྷ་ཉིང་རིམ་མཐོའི་གཞུང་ལམ་གཙང་ཞིང་རྒྱ་ཆེ་བ་དང་། དེ་ནི་བོད་ཀྱི་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་པོ་སྦྲེལ་མཐུད་བྱེད་པའི་རིམ་མཐོའི་གཞུང་ལམ་ཐོག་མ་དེ་ཡིན། ལྷ་ཉིང་རིམ་མཐོའི་གཞུང་ལམ་ནི་བོད་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་ཚད་མང་དུ་དང་མྱུར་ཚད་མགྱོགས་སུ་ཕྱིན་པའི་བསྡུས་རིས་ཤིག་ཡིན། ལོ་5ཡི་རིང་བོད་ཀྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེན་པོ་དེ་འདྲ་སྔར་བྱུང་མྱོང་མེད་པ་དང་། སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་ནས་སྨན་གླིང་གནམ་ཐང་བར་དང་། ལྷ་ས་ནས་ཉིང་ཁྲི་བར། གཞིས་རྩེ་གནམ་ཐང་ནས་གྲོང་ཁུལ་བར། ལྷོ་ཁ་གྲོང་ཁྱེར་གྱི་རྩེད་ཐང་ནས་གོང་དཀར་གནམ་ཐང་བར། ལྷ་ས་ནས་རྩེད་ཐང་བར་བཅས་རིམ་མཐོའི་གཞུང་ལམ་རྣམ་གྲངས་7བསྐྲུན་འགོ་ཚུགས་ཡོད། 

    ལོ་5ཡི་རིང་གཞུང་ལམ་སྔར་བས་ཤར་གཏོང་ཐུབ་པ་དང་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་ཡང་ཚ་ཚ་འུར་འུར་བྱས་ཡོད། 2014ལོའི་ཟླ་8པར། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་བུ་ལོ་དེའི་ལོ་མཇུག་ཏུ་དངོས་སུ་བསྐྲུན་འགོ་ཚུགས་ཡོད། སྤྱིའི་རིང་ཚད་སྤྱི་ལེ་1700ཙམ་ཟིན་པའི་ཁྲོན་བོད་ལྕགས་ལམ་འདི་ཉིད་མཚོ་བོད་ལྕགས་ལམ་རྗེས་ཀྱི་བོད་དུ་སྐྱོད་པའི“མཁའ་ལམ”གཉིས་པ་དེར་འགྱུར་རྒྱུ་རེད། རྒྱལ་ནང་གི་མཁའ་ལམ་ལམ་ཐིག་65དང་རྒྱལ་སྤྱིའི་མཁའ་ལམ་ལམ་ཐིག་1གསར་འབྱེད་བྱས་པ་དང་མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་42ཟིན་ཡོད། 

    མྱུར་བགྲོད་ལམ་བུའི་ཐོག་སྐྱོད་པ་དང་ལས་རིགས་ཁག་དར་རྒྱས་བྱུང་བ། 

    ལོ་5ཡི་རིང་འཕེལ་རྒྱས་ཀྱི་འགྲིམ་འགྲུལ་འཇུར་མིག་མགྱོགས་མྱུར་སེལ་བ་དང་སྦྲགས། བོད་ཉིད་རིམ་བཞིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་ཡོད། 

    ཕྱོགས་བསྡུས་ནུས་རྒྱུའི་མ་ལག་འཛུགས་སྐྲུན་ཐད་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ཞིང་། ཆུ་གློག་གིས་གཙོ་བོར་བྱེད་པ་དང་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ཀྱི་ནུས་པ་མང་པོ་ཕན་ཚུན་གསབ་རེས་ཀྱི་ནུས་རྒྱུའི་མ་ལག་གསར་པ་རགས་ཙམ་ཆགས་ཡོད། ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་མགྱོགས་པ་དང་། ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་བསྐྲུན་ནས་གློག་གཏོང་འགོ་ཚུགས་ཡོད། མཚོ་བོད་དང་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭས་གློག་ཤུགས་མཁའ་ལམ་བཏོད་པ་དང་གློག་དྲ་གཙོ་བོ་བོད་ཀྱི་རྫོང(ཆུས)62ལ་ཁྱབ་ནས་རིམ་རྩིས་བརྒྱབ་ན་གློག་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་21.77ཕྱིར་གཏོང་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་རང་བྱུང་སོལ་རླངས་ཀྱིས་གཅིག་སྡུད་ངང་དྲོད་མཁོ་འདོན་ཐུབ་པ་དང་ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གི་དྲོད་རླངས་མཁོ་འདོན་ལས་གྲྭ་མགྱོགས་མྱུར་ལག་ལེན་བསྟར་བཞིན་ཡོད། 

    ཆ་འཕྲིན་འཕྲིན་གཏོང་དུས་སྐབས་གསར་པར་སླེབས་ཤིང་། འོད་སྐུད་དང་། སྲུང་སྐར། དྲ་རྒྱ་བཅས་གཙོ་བོར་བྱས་པའི་དེང་རབས་ཀྱི་འཕྲིན་གཏོང་དྲ་རྒྱའི་མ་ལག་རིམ་བཞིན་བཙུགས་པ་དང་འཐུས་སྒོ་ཚང་དུ་སོང་ཡོད། ས་མཐོ་འདི་ཉིད་སྲུང་སྐར་དང་། འོད་སྐུད། དྲ་རྒྱ། ཆ་འཕྲིན་བཅས་ཀྱི་དུས་རབས་གསར་པར་སླེབས་པ་དང་ལྗོངས་ཕྱི་ནང་དང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི“གྲངས་ཀའི་ཧེ་བག”ཟམ་མི་ཆད་པར་ཆུང་དུ་ཕྱིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།