[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོས་ལྕང་ཤིང་འདེབས་པ་དང་། ཁྲོན་པ་འདྲུ་བ། ཚོང་རྒྱག་པ་བཅས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-07

    བདེ་མཆོག་གྲོང་ཚོ་མཐའ་མཚམས་སུ་གནས་པ་དང་མངའ་རིས་ས་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་པའི་གྲོང་ཚོ་དང་པོ་དེ་ཡིན་པ་དང་གྲོང་མི་ཚང་མ་སྤྲོ་ཁང་དབྱིབས་ཀྱི་འབྱོར་འབྲིང་སྡོད་ཁང་གསར་པའི་ནང་སྡོད་ཀྱི་ཡོད་པ་རེད།

    དབང་གྲགས་དང་ཁོང་གི་ཤུག་སྡོང་3000

    འདི་ལོ་ལོ་56ལ་སླེབས་པའི་དབང་གྲགས་ནི་བདེ་མཆོག་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་ཡིན་པ་རེད། གཟུགས་སྟོབས་དེ་ཙམ་ཆེན་པོ་མེད་ལ་སྐད་ཆའང་དེ་ཙམ་མི་ཤོད་པའི་ཁོང་གིས་གྲོང་ཚོའི་ནང་གི་ཆུ་དང་གློག་མཁོ་འདོན་མ་ལག་བདག་པོ་རྒྱག་གི་ཡོད་པ་དང་མི་རྣམས་ཀྱིས་གསལ་ཤོས་ངེས་པ་ནི་ཁོང་གིས་བདེ་མཆོག་གྲོང་ཚོར་ཤུག་པ་རྐང་3000བཏབ་ནས་གསོན་ཡོད་པ་དེ་རེད།

    2013ལོའི་ལོ་མཇུག་ཏུ་སྒར་རྫོང་གིས་སྲིད་གཞུང་ནས་དངུལ་གཏོང་བ་དང་མི་སྒེར་ལ་འགན་གཙང་སྤྲོད་པའི་རྣམ་པའི་ཐོག་ནས་བདེ་མཆོག་གྲོང་ཚོར་ལྕང་ཤིང་གཞི་ཁྱོན་ཆེན་པོ་འདེབས་རྩིས་བྱས་རུང་། ཚང་མས་ལྕང་ཤིང་གསོན་ཐུབ་ཨེ་ཡོང་སྙམ་ནས་ལས་འགན་ལྕི་པོ་དེ་ལེན་ཕོད་མཁན་མེད། དབང་གྲགས་ཀྱིས“དེ་སྔ་གྲོང་ཚོའི་ནང་རང་བྱུང་དུ་སྐྱེས་པའི་ལྕང་ཤིང་རྐང་འགའ་ཤས་ཡོད་པ་ཕུད། མི་སེར་གྱིས་ལྕང་ཤིང་གཏན་ནས་འདེབས་མྱོང་མེད། འོན་ཀྱང་དེ་ནི་ང་ཚོའི་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་གཏོང་བའི་བྱ་བཟང་ཡིན་པས་འགན་གཙང་ལེན་དགོས་ངེས་རེད་སྙམ་སྟེ་ངས་བླངས་པ་ཡིན”ཞེས་བཤད། དེ་རྗེས་ཁོང་གིས་རྫོང་དང་དུས་ཡུན་ལོ་གསུམ་གྱི་གན་རྒྱ་བཞག་ནས་ལྕང་ཤིང་འདེབས་འགོ་བརྩམས།

    2014ནས་2016ལོ་བར་གྱི་ལོ་གསུམ་ནང་ཁོང་གིས་གྲང་ངར་དང་ཚ་གདུག་གང་ལའང་མི་བལྟོས་པར་གཟའ་འཁོར་གཅིག་ནང་ཉུང་མཐར་ཡང་ཉིན་5ཡི་དུས་ཚོད་སྤྱད་དེ་སྡོང་ཕྲུག་ཚང་མར་ཆུ་རྒྱག་གི་ཡོད། ལོ་ལྔ་བཅུ་ཡོལ་བའི་ཁོང་གི་ངོས་ནས་བརྗོད་ན་དེ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན།

    ད་ཆ་དབང་གྲགས་གིས་བཏབ་པའི་ཤུག་པ་3000དེ་དག་མང་ཆེ་བ་གསོན་ཐུབ་ཡོད་པ་རེད།  སྡོད་ཁང་གསར་པ་བརྒྱབ་ཟིན་པ་དང་བཏབ་པའི་ཤུག་པ་གསོན་ནས་གཙང་ལ་གྲལ་སྒྲིག་པའི་ཁོར་ཡུག་སྲུང་སྐྱོང་བདེ་མཆོག་གྲོང་ཚོའི་ཤེས་དཔལ་གསར་གཏོད་ཀྱི་གཙོ་གནད་དུ་གྱུར། ཉེ་བའི་ལོ་ཤས་རིང་བདེ་མཆོག་གྲོང་ཚོས་ལས་སྒྲུབ་ཚོགས་ཆུང་2ལ་སྙིགས་གཞོང་4རེ་དང་། སྙིགས་འཁོར་རེ། གད་ཕྱིས་ཐོ་ཕྲུག་2རེ་བཅས་སྤྲད་པ་དང་སྣོད་བཅུད་ལས་གནས་སུ་གད་ཕྱིས་བྱེད་མཁན་8བཏང་ནས་དུས་བཀག་ལྟར་གྲོང་ཚོའི་གད་སྙིགས་གཙང་ཕྱགས་བྱེད་ཀྱི་ཡོད།

    ན་ནིང་བདེ་མཆོག་གྲོང་ཚོས་མ་དངུལ་སྒོར་ཁྲི་38རག་ཐབས་བྱས་ནས་འོད་ཤུགས་གློག་ཁང་རིམ་སྤོར་སྒྱུར་བཀོད་བྱས་པ་དང་ཞིང་དྲའི་སྐུད་ལམ་དུད་ཚང་ཚང་མར་ཁྲིད་པ་མ་ཟད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་མངགས་གཏོང་བྱས་པའི་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་མ་དངུལ་སྒོར་ཁྲི་100རག་ཐབས་བྱས་ནས་ཚོགས་ཆུང་ཚང་མར་ཁྲོན་པ་འདྲུས་པ་དང་སྦྲགས། ཆུ་འཐེན་འཕྲུལ་འཁོར་སོགས་བཀོད་སྒྲིག་བྱས་ཏེ་གྲོང་ཚོ་ཧྲིལ་པོའི་མང་ཚོགས་ཚོར་ཉིན་མཚན་ཀུན་ཏུ་ཆུ་དང་གློག་ཤར་གཏོང་ཐུབ་པ་རེད།

    འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ལྷག་དོན་དུ་འདི་ལོ་གཉེར་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དྲིལ་བསྒྲགས་ཀྱི་ཁྲིད་སྟོན་འོག་བདེ་མཆོག་གྲོང་ཚོའི་མང་ཚོགས་ཚོའི་འཚོ་བའི་གོམས་གཤིས་ཀྱང་དེ་བས་ཤེས་དཔལ་ལྡན་པར་གྱུར་ཡོད།

    བདེ་སྐྱིད་ཕུན་སུམ་ཚོགས་པའི་ཁྱིམ་ཚང་།

    རྒྱ་རིགས་འཐབ་འཛིང་པ་ཝང་ཀྲེ་ཆང་བདེ་མཆོག་ཏུ་དམག་སྐུལ་དང་ལེན་ཞུ་རིང་གྲོང་ཚོ་དེའི་བུ་མོ་བློ་བཟང་སྒྲོལ་མ་དང་གཉེན་སྒྲིག་བྱས། དམག་ཞབས་ཐིམས་རྗེས་ཝང་ཀྲེ་ཆང་ཕ་ཡུལ་དུ་མ་ལོག་པར་བདེ་མཆོག་གྲོང་ཚོར་གཞིས་ཆགས་པ་མ་ཟད། བཀྲ་ཤིས་སྒང་ཤང་སྲིད་གཞུང་གི་ཟ་ཁང་འགན་གཙང་བླངས་པ་རེད། ཁྱོ་ཤུག་གཉིས་ཀྱི་དཀའ་སྤྱད་འབད་བརྩོན་འོག་ཟ་ཁང་གི་ཁ་ལག་ལ་ལས་བྱེད་ལས་བཟོ་ཚོའི་གདེང་འཇོག་བཟང་པོ་ཐོབ་ནས་ན་ནིང་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་བ་དང་སླར་ཡང་ཤང་དང་མུ་མཐུད་གན་རྒྱ་བཞག་པ་རེད།

    མཚོ་སྔོན་གྱི་བོད་རིགས་གཞོན་ནུ་ལུའོ་ཆི་མིང་ཡང་བདེ་མཆོག་གྲོང་ཚོའི་མག་པ་རེད། ཁོང་གིས་བདེ་མཆོག་གྲོང་ཚོར་གླ་པ་རྒྱུག་སྐབས་ཉི་སྐྱིད་ལྷ་མོ་དང་གཉེན་སྒྲིག་བྱས་རྗེས་སྙིང་རྗེ་ལ་གྲུང་ཤ་དོད་པའི་བུ་མོ་གཉིས་ཡོད་པ་དང་ལུའོ་ཆི་མིང་གི་ཨ་མའང་བདེ་མཆོག་ཏུ་བསུས། ལོ་ལྟར་གྱི་དབྱར་ཁ་ལུའོ་ཆི་མིང་ས་ཁུལ་དང་རྫོང་དུ་ཨར་ལས་རྣམ་གྲངས་འགན་གཙང་ལེན་པར་འགྲོ་གི་ཡོད་པ་དང་ཉི་སྐྱིད་ལྷ་མོས་བདེ་མཆོག་གྲོང་ཚོར་ཚོང་ཁང་བཙུགས་ཏེ་ཁྱིམ་ཚང་ལ་ལྟ་རྟོག་བྱེད་ཀྱི་ཡོད། ལུའོ་ཆི་མིང་གི་ཁྱིམ་ཚང་མངའ་རིས་ཀྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”དང་། སྒར་རྫོང་གི“ཁྱིམ་ཚང་ཡག་ཤོས”དང“དུས་བདེའི་ཁྱིམ་ཚང” “དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྔོན་ཐོན་དཔེ་སྟོན་དུད་ཚང”སོགས་སུ་སྔ་རྗེས་སུ་བདམས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།