[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འཇོན་ཐང་ངོམ་སའི་གར་སྟེགས་བསྐྲུན་ནས་ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད།

    ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-07

    2010ལོར་ལྷ་ས་གྲོང་ཁྱེར་དགེ་འོས་ཆེད་ཚན་སློབ་གྲྭའི་དབྱིན་ཡིག་ཆེད་ལས་ནས་ཐོན་པའི་རྣམ་སྒྲོན་ནི་རང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་པའི་ཁྲོད་ཀྱི་མཚོན་བྱེད་མི་སྣ་ཞིག་ཡིན། 2014ལོར་ལས་གཏོད་བྱེད་འགོ་ཚུགས་པ་དང་ད་ཆ་ཁོང་ནི་ལས་མི་30ཡོད་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཤིག་གི་འགོ་ཁྲིད་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གིས་གསར་དུ་གཉེར་བའི་བོད་ལྗོངས་ཧྲེང་ཀོང་རྒྱལ་སྤྱིའི་ཡུལ་སྐོར་ཁང་དང་། བོད་ལྗོངས་ས་མཐོའི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི། བོད་ལྗོངས་དམར་པོ་རི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚད་ཡོད་ཀུང་སི་སོགས་ལས་ལོར་ཡོང་འབབ་སྒོར་ཁྲི་1500ཙམ་ཟིན་གྱི་ཡོད།

    འདི་ལོ་ཚུན་ལྷ་ས་གྲོང་ཁྱེར་དུ་མི་16105ལས་ཞུགས་ཐུབ་པ་དང་སྐབས་འདིའི་སློབ་ཐོན་སློབ་མ་3803གྱིས་རང་སྐྱོང་ལྗོངས་ཀྱི་རྒྱུགས་སྤྲོད་ལས་བསྡུ་དང་། ལས་ཞུགས་ལྟ་སྦྱོང་། ཁྲོམ་རར་ལས་ཞུགས། རང་རྟོགས་ལས་གཏོད་སོགས་ཀྱི་རྣམ་པ་བརྒྱུད། མིག་སྔའི་བར་མཐོ་སློབ་སློབ་ཐོན་སློབ་མ་1798ལས་ཞུགས་ཐུབ་པ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་100%ཟིན་ཡོད་པ་རེད།

    ལས་སྟེགས་གསུམ་ཡག་པོ་སྐྲུན་ནས་སློབ་ཐོན་སློབ་མ་རང་རྟོགས་ལས་འདེམས་ཐུབ་རྒྱུར་སྐུལ་འདེད་བཏང་བ།

    སྲིད་ཇུས་དྲིལ་བསྒྲགས་ལས་སྟེགས་ཡག་པོ་བརྒྱབ་ཅིང་། ལྷ་ས་གྲོང་ཁྱེར་གྱིས་ཚགས་པར་དང་དུས་དེབ་དང་། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས་ཀྱི་སྨྱན་སྦྱོར་བརྒྱུད། “གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། སློབ་གྲྭ་བཅས་སུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་སྲིད་ཇུས་ཁྱབ་གདལ་གཏོང་བའི”དྲིལ་བསྒྲགས་ལས་དོན་སྤེལ་བ་དང་། ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་།

    སྔོན་ཐོན་དཔེ་མཚོན། གྲུབ་འབྲས་ཐོབ་པའི་ཉམས་མྱོང་བཅས་དྲིལ་བསྒྲགས་བྱེད་པ། སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཀྱི་སྣེ་ཁྲིད་དེ་ལས་ཞུགས་ཀྱི་འདུ་ཤེས་སྒྱུར་བ། སྤྱི་ཚོགས་ཡོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་རྒྱབ་སྐྱོར་དང་ཡག་པོ་སྤེལ་རྒྱུར་སྐུལ་སློང་བཅས་བྱས་པས་ལས་གཏོད་ལ་བརྩི་མཐོང་དང་། གྲུབ་འབྲས་ཐོབ་མཁན་ལ་གཟེངས་བསྟོད། ཕམ་པ་བཟོད་ཐུབ་པ་བཅས་ཀྱི་གླེང་ཕྱོགས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་ཡོད།

    ལས་མི་བསྡུ་བའི་སྦྲེལ་མཐུད་ལས་སྟེགས་ཡག་པོ་བསྐྲུན་ཅིང་། མཐོ་སློབ་སློབ་ཐོན་སློབ་མས་མི་སྤྱོད་ཁེ་ལས་དང་ཆ་འཕྲིན་སྦྲེལ་མཐུད་ལ་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། ལྷ་ས་གྲོང་ཁྱེར་ལས་ཞུགས་སྡེ་ཚན་གྱིས་ནང་དོན་ཕུན་སུམ་ཚོགས་པའི་ལས་མི་བསྡུ་བའི་བྱེད་སྒོ་སྣ་ཚོགས་རབ་དང་རིམ་པ་སྤེལ་བ་རེད།

    ལས་ཞུགས་ལྟ་སྦྱོང་གི་ལས་སྟེགས་ཡག་པོ་བསྐྲུན་ཅིང་། ལྷ་ས་གྲོང་ཁྱེར་གྱིས་ལྟ་སྦྱོང་རྟེན་གཞི་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་ལས་ཞུགས་ལྟ་སྦྱོང་གི་ངོ་འཕྲད་ཚོགས་འདུ་འཚོགས་ཏེ་མཐོ་སློབ་སློབ་ཐོན་སློབ་མར་དོ་དམ་དང་། ཞབས་ཞུ། ཐོན་སྐྱེད། ཕྱིར་ཚོང་སོགས་ཀྱི་ལྟ་སྦྱོང་ལས་གནས་མཁོ་འདོན་བྱས་ནས་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་བཏང་བ་དང་མིག་སྔར་རིམ་རྩིས་བརྒྱབ་ན་ལྟ་སྦྱོང་རྟེན་གཞི་50ཁས་ལེན་གཏན་འཁེལ་བྱས་པ་རེད།

    བྱེད་ཐབས་ཁག་གསུམ་དོན་འཁྱོལ་ཡག་པོ་བྱས་ནས་སློབ་ཐོན་སློབ་མའི་ལས་གཏོད་ལམ་བུ་བཤངས་པ།

    མ་དངུལ་བསྡུ་སྒྲིལ་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཤིང་། 2011ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས《མཐོ་སློབ་སློབ་ཐོན་སློབ་མར་རང་བརྟེན་ལས་གཏོད་ལ་སྐུལ་མ་དང་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་ཁ་གསབ་ལག་བསྟར་བྱ་ཐབས》 《ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ཀྱི་གྲངས་ཉུང་ཁག་ཐེག་དངུལ་བུན་བཀོལ་སྤྱོད་དོ་དམ་གཏན་འབེབས》སོགས་ཀྱི་སྲིད་ཇུས་སྔ་རྗེས་སུ་བཏོན་པ་དང་ལས་གཏོད་བྱ་དགའ་དང་གྲངས་ཆུང་ཁག་ཐེག་དངུལ་བུན་སོགས་ནས་ཁ་གསབ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། མིག་སྔར་རིམ་རྩིས་བརྒྱབ་ན། ལྗོངས་ཕྱི་ནང་གི་ཁེ་ལས་སུ་ལས་ཞུགས་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མ་54ལ་འཚོ་བ་དང་ལམ་གྲོན་ཁ་གསབ་སྒོར་ཁྲི་27.84སྤྲད་པ་དང་ལས་གཏོད་པ་29ལ་ལས་གཏོད་བྱ་དགའི་མ་དངུལ་དང་། འཚོ་བའི་ཁ་གསབ། སྤྱི་ཚོགས་འགན་བཅོལ་ཁ་གསབ་བཅས་སྒོར་ཁྲི་23.88སྤྲད་པ། མཐོ་སློབ་སློབ་ཐོན་སློབ་མ་76ལས་གཏོད་ལམ་ལྷོངས་ཡོང་བར་རོགས་སྐྱོར་བྱས་པ་དང་ལས་རིགས་དེ་དག་སློབ་གསོ་དང་། བཟའ་བཏུང་། ཆ་འཕྲིན་ལག་རྩལ། བཟོ་སྐྲུན། རིག་གནས་སྨྱན་སྦྱོར་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་དང་མི་གྲངས་600ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་རེད།

    གསོ་སྦྱོང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཤིང་། མཐོ་སློབ་སློབ་ཐོན་སློབ་མའི་དངོས་ཡོད་དགོས་མཁོར་གཞིགས་ཏེ་གསོ་སྦྱོང་གི་ནང་དོན་རྒྱ་ཆེར་ཧུར་ཐག་བཏང་བ་དང་རྒྱལ་ནང་གི་གྲགས་ཅན་ལས་གཏོད་སློབ་དཔོན་དང་སེམས་ཁམས་བློ་འདྲི་སོགས་ཀྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ནས་ལས་ཞུགས་འདུ་ཤེས་དང་། ཁེ་དབང་སྲུང་སྐྱོང་། སྤྱི་ཚོགས་འགན་ལེན། ལས་འཚོལ་རྩལ་ནུས། ཤེས་བྱའི་བདག་དབང་སོགས་གསོ་སྦྱོང་བྱས་པས་ཁོ་ཚོའི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དང་། ལས་འདེམས་རྩལ་ནུས་ཁོང་དུ་ཆུད་པ། ལས་ཀའི་འཇོན་ཐང་ཆེ་རུ་སོང་བ། ལས་ཀའི་ཡིད་ཆེས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ལས་གཏོད་གསོ་སྦྱོང་ཧུར་ཐག་བྱས་ཏེ་འདོད་འདུན་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་རྩལ་ནུས་ཆེ་རུ་བཏང་བ་དང་ལོ་ལྟར་ལས་གཏོད་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4འཚོགས་ནས་མི་གྲངས་120གསོ་སྦྱོང་བྱས་པར་ལས་གཏོད་ཐུབ་ཚད་6%ཟིན་ཡོད།

    སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཤིང་། ལས་གཏོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་ཤེས་བྱའི་བདག་དབང་གི་ཞབས་འདེགས་ཡག་པོ་ཞུ་བ་དང་ཤེས་བྱའི་བདག་དབང་གི་འབྲེལ་ཡོད་སྲིད་ཇུས་དང་ལས་རིམ་ཁྱབ་གདལ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྣེ་གསུམ་ཀུན་གཏོད་ཀྱི་བར་མཐོངས་སུ་ཤེས་བྱའི་བདག་དབང་ཞབས་ཞུའི་ལས་དོན་ས་ཚིགས་བཙུགས་ཡོད། དེ་དང་ཆབས་ཅིག་ལས་གཏོད་པའི་དངོས་ཡོད་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ངང་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་གསོ་སྦྱོང་ལ་ཞུགས་མཁན་70ལ་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་། ཁེ་བེད་བདག་ཐོབ་རེ་ཞུ། ཚོང་རྟགས་བཟོ་བ་སོགས་ཀྱི་ཤེས་བྱ་འཆད་ཁྲིད་བྱས་པ་རེད།

    ལས་དོན་ཁག་གསུམ་ཡག་པོ་བསྒྲུབས་ནས་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པར་སྐུལ་མ་བཏང་བ།

    ལས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་གསར་གཏོད་རྟེན་གཞི་ཁག་གཉིས་པའི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ནང་ཚུད་པ་གོ་སྐབས་སུ་བྱས་ནས་མིག་སྔར་ཀུན་གཏོད་ཀྱི་བར་མཐོངས་12དང་ལས་གཏོད་གསར་གཏོད་རྟེན་གཞི་7བསྐྲུན་ཡོད། ལྷ་ས་སྣེའུ་ཁུལ་གསར—ཀུན་གཏོད་ཀྱི་བར་མཐོངས་དེ་ལས་གཏོད་གསོ་སྐྱོང་ཁུལ་དུ་བརྩིས་ནས་སྔ་རྗེས་སུ“ལྷ་སའི་སློབ་གྲྭ་ཆེ་མོའི་ལས་གཏོད་གླིང”དང་། “ལྷ་སའི་མཐོ་གསར་ཁུལ་གྱི་ཤེས་ལྡན་མི་སྣའི་རྟེན་གཞི”“པེ་ཅིང་སློབ་ཆེན་གྱི་ལས་གཏོད་སྦྱོང་བརྡར(བོད་ལྗོངས)གཉིས་གཏོད་རྟེན་གཞི”སོགས་བཙུགས་པ་རེད། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི“གཉིས་གཏོད”ལྟེ་གནས་རྣམ་གྲངས་ལག་བསྟར་བྱས་རྗེས་ཁེ་ལས་འབྲིང་གྲས་དང་ཆུང་གྲས་དང་ཆེས་ཆུང་གྲས་200ཡི་ཡིད་དབང་བཀུག་པ་དང་། ལོར་ཁེ་ལས་མཁས་ཅན་100ལྷག་ཙམ་གསོ་སྐྱོང་བྱས་པ། ལོར་རྣམ་གྲངས་200ཙམ་ལག་བསྟར་བྱས་པ། ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་10ཟིན་པ། གསར་འཕར་ཁྲལ་བསྡུ་དུང་ཕྱུར་1ཙམ་ཟིན་པ། མི་གྲངས་2000གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ། ལས་དོན་མི་སྣ་1000སྣེ་ཁྲིད་བྱས་པ་རེད།

    གཞི་རིམ་གྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་ཤིང་། རྒྱུན་རྣམ་ཅན་གྱི་ལས་བསྡུའི་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པ་དང་། ཆེད་དོན་དང་ཕྱོགས་བསྡུས། ལྗོངས་ཕྱི་ནང་། ཆེ་གྲས་དང་ཆུང་གྲས། དྲ་ཐོག་དང་དྲ་ཕྱི་བཅས་ཀྱི་ལས་བསྡུ་ཟུང་འབྲེལ་གྱི་རིམ་པ་མང་བ་དང་ཐབས་ལམ་མང་བའི་ལས་བསྡུའི་མ་ལག་ཆགས་ཡོད། 2017ལོར་ལྷ་ས་གྲོང་ཁྱེར་གྱིས་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། ཅང་སུའུ་ཞིང་ཆེན་གྱིས་གནས་གཏན་འཁེལ་གྱི་གཞུང་ལས་པ་དང་བྱ་གཞག་ཚན་པའི་ལས་དོན་མི་སྣ་30བསྡུས་པ་དང་ལས་གནས་188མཁོ་འདོན་བྱས་པ་དང་། པེ་ཅིང་གྲོང་ཁྱེར་གྱིས་མི་སྤྱོད་ཚན་པ་106སྒྲིག་འཛུགས་བྱས་ནས་བོད་ལྗོངས་མི་རིགས་སློབ་ཆེན་དང་ལྷ་ས་གྲོང་ཁྱེར་དུ་ལས་ཞུགས་བོད་སྐྱོར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་ཚོགས་འདུ་འཚོགས་ཏེ་ལས་ཞུགས་ལས་གནས་573མཁོ་འདོན་བྱས་པ། “ཀྲུང་དབྱང་ཁེ་ལས་བོད་དུ་ཞུགས་ནས”ལས་ཞུགས་ལས་གནས་167མཁོ་འདོན་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་ཐབས་ལམ་བཏོད་ཡོད།

    ཐོན་ཁུངས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཤིང་། 2016ལོའི་ཟླ་6པར་ལྷ་ས་གྲོང་ཁྱེར་གྱིས“མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མཐུན་ཚོགས”བཙུགས་པར་ཚོགས་མི་76ཟིན་པ་དང་ལས་གཏོད་མི་སྣར་ཕན་ཚུན་སྤེལ་རེས་དང་། ཐོན་ཁུངས་ལོངས་སྤྱོད། ཕན་ཚུན་རོགས་རེས་བཅས་ཀྱི་ལས་སྟེགས་བཏོད་ཡོད། སྲིད་གཞུང་དང་ལས་གཏོད་མི་སྣའི་དབར་སྦྲེལ་མཐུད་ཟམ་ཆེན་བསྐྲུན་པ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་གྱི་སློབ་ཆེན་སློབ་མའི་ལས་གཏོད་ཞབས་ཞུའི་དྲ་བ་དང“གསར་གཏོད་ཕོད་པའི་ལྷ་ས”ཞེས་པའི་སྐད་འཕྲིན་སྤྱི་རྟགས་ལས་སྟེགས་བཏོད་ཡོད། ལས་སྟེགས་དེས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པར་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཀྱི་སྟེགས་བུ་བསྐྲུན་ཡོད། གཞན་ཡང་མ་དངུལ་སྒོར་ཁྲི་600བཏང་ནས་མི་ཤུགས་ཐོན་ཁུངས་ཆ་འཕྲིན་གྱི་ཞབས་ཞུའི་ལས་སྟེགས་བསྐྲུན་ཏེ་མ་དངུལ་དང་། རྣམ་གྲངས། སྤྱི་ཚོགས་འགན་བཅོལ་གསོ་སྦྱོང་། ལས་གཏོད་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་ལས་གཏོད་གསར་གཏོད་ཀྱི་འཇུར་མིག་གནད་དོན་བསལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།