[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཉིང་ཁྲིའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-08

    2017ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྱོང་གི་དམིགས་ཚད་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་རས་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་བྱ་ཡུལ་གསར་སྤེལ་བྱེད་པ། ཡུལ་སྐོར་བའི་འབྱུང་ཁུངས་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་པས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། 2017ལོའི་ཟླ་11པའི་བར། ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་ཧ་ཅང་འཁྲུག་པོ་ཡོད་པ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མང་དུ་ཆེས་ཆེར་སོང་སྟེ། རིམ་རྩིས་བྱས་ན། གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་495.45ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18.94%འཕར་བ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་43.33ཟིན་པ་དེ་དུས་མཚུངས་ལས་15.6%འཕར་ཡོད་པ་རེད།

    རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་2000བཏང་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད་འཛུགས་སྐྲུན་རྣམ་གྲངས་དང་ཡུལ་སྐོར་དཔེ་སྟོན་གྲོང་ཚོའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆ་འདེམས་པ་དང་ས་ཆ་དངོས་ལ་རྩད་ཞིབ་བྱེད་པ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་དང་། མ་དངུལ་སྒོར་ཁྲི་1000བཏང་ནས་ཡུན་ནན་དང་བོད་ལྗོངས་ཀྱི་བགྲོད་ལམ་གསར་པའི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་མཛོད་ནང་བཅུག་པ་དང་དེའི་སྔོན་འགྲོའི་འགྲོ་ལུགས་ལེགས་པར་གཉེར་བ། རྒྱལ་ཁབ་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩ་རྣམ་གྲངས་ཀྱི་སྨན་གླིང་རྫོང་ཤེལ་དཀར་མོན་པ་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་དང་སྤོ་བོ་རྫོང་ཡིད་འོང་ཤང་དགོན་གྲོང་ཡུལ་སྐོར་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་དང་གསེར་སྐྱེམས་ལ་དང་། ཡིད་འོང་མཛེས་ལྗོངས་ཁུལ། ཡར་ལུང་གཙང་པོ་རོང་ཆེན་མཛེས་ལྗོངས་ཁུལ་བཅས་A3རིམ་པའི་ཡུལ་སྐོར་གསང་སྤྱོད་རྣམ་གྲངས་ཀྱི་དུས་འགོའི་སྙན་སེང་ཞིབ་མཆན་ལས་དོན་ལེགས་སྒྲུབ་བྱས་པ་དང་འཛུགས་སྐྲུན་གྱི་མ་དངུལ་སྤྲད་པ། དེ་དང་དུས་མཚུངས་2017ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་མ་དངུལ་རྣམ་གྲངས་ཀྱི་A3རིམ་པའི་གསང་སྤྱོད་རྣམ་གྲངས་3དང་ལོ་མའི་ཁམ་བུའི་མེ་ཏོག་གྲོང་ཚོའི་རྣམ་གྲངས་ཀྱི་སྙན་ཞུ་ཕུལ་བ། “ལོ་ལྔ་ཚ་བཅུ་གསུམ་པའི”རིང་གི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ནས་མ་དངུལ་སྒོར་ཁྲི་6000བཏང་བའི་མེ་ཏོག་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་དང་། མ་དངུལ་སྒོར་ཁྲི་1500བཏང་བའི་རྒྱལ་ལམ་318ཡིད་འོང་མཛེས་ལྗོངས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས། མ་དངུལ་སྒོར་ཁྲི་1700བཏང་བའི་ཉིང་ཁྲིའི་གྲོང་གསེབ་ཡུལ་སྐོར་འཛུགས་སྐྲུན་རྣམ་གྲངས་བཅས་རེ་ཞུ་བྱས་པ་དང་འབྲེལ་སྤྱིར་ན་གཏན་འཁེལ་བྱུང་བ་རེད།

    དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། 2017ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅོ་ལྔ་པ་འགོ་བཙུགས་ནས་པེ་ཅིང་དང་། ཀོང་ཀྲོའུ། ཁྲུང་ཆིང་སོགས་གྲོང་ཁྱེར་དུ་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅོ་ལྔ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་མེ་ཏོག་རྒྱ་མཚོའི་ཉིང་ཁྲི་དང་། ཚ་གཡོལ་གྱི་ཉིང་ཁྲི སྟོན་དུས་ཀྱི་ཉིང་ཁྲི་བཅས་ཀྱི་འོས་སྦྱོར་ཚོགས་འདུ་འཚོགས་ནས་མཛེས་ལྗོངས་ཁུལ་7གྱི“སྒོར་གཅིག་གི་སྒོ་འཛིན”འཕྲལ་ཉོའི་བྱེད་སྒོ་སྤེལ་བ་དང་འབྲེལ་དུས་བཞིར་སྡོད་རྒྱུར་འཚམ་པ་དང་ཁྱད་ཆོས་སྣ་ཚོགས་ལྡན་པའི་ཡུལ་སྐོར་ཐོན་རྫས་གྲུབ་འབྲས་ལྡན་པའི་ངང་བཏོན་ཡོད་པ་རེད།

    ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཞིང་། 2017ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་ཆེད་འགན་ལེན་ནུས་ལྡན་བྱས་ཤིང་། 2017ལོའི་ཟླ་11བར། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ཐེངས་121དང་བདེ་འཇགས་ལྟ་སྐུལ་དོ་དམ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་ཚོང་། ཟོག་གོང་། སྤྱི་བདེ་སོགས་སྡེ་ཚན་གྱིས་ཁྲིམས་འཛིན་ཞིབ་བཤེར་ཐེངས་62བྱས་པ་དང་། ཡུལ་སྐོར་ཁེ་ལས་543ལ་བརྟག་དཔྱད་བྱས་པ། ཡུལ་སྐོར་བདེ་འཇགས་དང་ཡིད་རྟོན་གཉེར་སྐྱོང་གི་དཔྱད་གཞི་2000ལྷག་ཙམ་སྤྲད་པ། ཡིག་ཐོག་གི་དག་ཐེར་བསམ་འཆར་དང་ངག་ཐོག་གི་གྲོས་འགོ་70ལྷག་ཙམ་བཏོན་པ། ཡུལ་སྐོར་བློ་འདྲིའི་ཁ་པར་ཐེངས་349འབྱོར་བ་དང་ཡུལ་སྐོར་ཞུ་གཏུག་115ཐག་གཅོད་བྱས་ནས་གྱོད་གཞི་ཐག་གཅོད་བྱེད་ཚད་100%ཟིན་པ་བཅས་རེད།

    ལས་རིགས་ཞབས་ཞུའི་མ་ལག་དོ་དམ་རིམ་བཞིན་ཚད་ལྡན་དུ་བཏང་ཞིང་། 2017ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་འཛིན་ཞིབ་མཆན་འགོད་དབང་གི་འགན་འཁྲིའི་གསལ་ཐོའི་དོན་གནད་ཁུ་བསྡུ་དང་ཟླ་བསྒྲིལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཡུལ་སྐོར་ཐོན་ལས་ལ་སྔར་བས་ལེགས་པའི་ཞབས་འདེགས་ཞུས་ཡོད།

    ཡུལ་སྐོར་དབུལ་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་དུ་བཏང་ཞིང་། 2017ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་ཆ་འཕྲིན་ཅན་གྱི་དུས་ཐེངས་དང་པོའི་ལས་གྲྭ་འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག གྲོང་ཚོ་12ཀྱི་ཁྱིམ་ཚང་མགྲོན་ཁང་146གསར་སྣོན་བྱས་ཤིང་། མིག་སྔར་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། ཡུལ་སྐོར་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལས་སྟེགས་དང་། ཞབས་ཞུའི་ལྟེ་གནས། ཡུལ་སྐོར་ཐོན་ལས་འཁོར་རྒྱུག་དང་ལྟ་ཞིབ་ཚད་ལེན་ལས་སྟེགས། རིག་ནུས་ཡུལ་སྐོར་གྲོང་ཚོའི་ཡུལ་སྐོར་ཆ་འཕྲིན་ཅན་དང་ཞིང་འབྲོག་ལས་ཀྱི་ཐོན་རྫས་ཉོ་ཚོང་ལས་སྟེགས་སོགས་སྐྲུན་པ་དང་གསར་སྤེལ་བྱེད་པ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།