[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ས་མཐོར་ཚ་ཚ་འུར་འུར་ངང་ནས་དབུལ་སྐྱོར་བྱས།

    ལོ་ལྔའི་རིང་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རིམ་ཁག་དབུལ་སྐྱོར་སྒྲིག་གཞིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་དབུལ་པོ་ལས་རྣམ་པར་རྒྱལ་བ་དང་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་ལྷག་པར་དུ་2016ལོའི་ལོ་སྟོད་དུ་རང་ལྗོངས་སུ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་རྗེས་ད་ལྟ་ལག་ལེན་བསྟར་བའི་མི་འབོར་དབུལ་པོར་དམ་པོར་གཞིགས་པ་དང་། ས་ཁུལ་ཤིན་ཏུ་དབུལ་པོར་དོ་ཁུར། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་གཞིགས་པ། “གནད་སྨིན་དྲུག”གི་ལས་ཀའི་བླང་བྱར་གཞིགས་པ་བཅས་ཀྱི་སྒོ་ནས“ཁག་གཅིག་རེ་ལྔའི”འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བས་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་གསར་པ་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    གནད་སྨིན་དབྱེ་འབྱེད་བྱས་ནས་དངོས་འབྲེལ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་པ།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱིས་གནད་སྨིན་དབྱེ་འབྱེད་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས་མདུན་སྐྱོད་བྱེད་རྒྱུ་ཡོད་ལ་ཕྱིར་བཤོལ་བྱེད་རྒྱུ་ཡང་ཡོད་པ་དང་གནས་ཚུལ་འགྱུར་ལྡོག་ལ་དོ་དམ་བྱེད་པའི་ལས་ཀའི་བླང་བྱ་གཞིར་བཟུང་དབུལ་སྐྱོར་བྱ་ཡུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་ཆ་འཕྲིན་མ་ལག་དོ་དམ་གྱི་ལས་དོན་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད།

    རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་ཆ་འཕྲིན་དོ་དམ་ལས་དོན་གྱི་སྟོབས་ཤུགས་ཆེ་རུ་གཏོང་ཆེད་ཆ་འཕྲིན་མ་ལག་གི་དོ་དམ་ལས་དོན་ཆེད་མངགས་སྒྲུབ་ཡོད། ལོ་གོང་མར་ལྗོངས་ཡོངས་སུ་དབུལ་སྐྱོར་བྱ་ཡུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི“ཕྱིར་མིག་ལྟ་བ”དང“གྲངས་གཞི་གཙང་སེལ”གྱི་ལས་དོན་སྒྲུབ་པའི་རྨང་གཞིའི་ཐོག་2017ལོའི་ལོ་སྟོད་དུ་ཡིག་ཚགས་དང་གཱ་བཟོས་པའི་ཆ་འཕྲིན་མ་ལག་རང་བཤེར་རང་བཅོས་ཀྱི་ལས་དོན་སྤེལ་བ་རེད།

    2017ལོའི་ཟླ་6པ་ནས་8པར་ལྗོངས་ཡོངས་ཀྱིས་དབུལ་སྐྱོར་བྱ་ཡུལ་གྱི་གནས་ཚུལ་འགྱུར་ལྡོག་ལ་ལེགས་སྒྲིག་བྱས་པ་དང་། ཆ་རྐྱེན་དང་མ་འཚམ་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་གཙང་བཤེར་ཕྱིར་སློག་བྱས་པ། དབྱེ་འབྱེད་གསར་པ་བྱས་པའི་མི་འབོར་དབུལ་པོ་དང་། རང་ཞུགས་སུ་མང་དུ་ཕྱིན་པའི་མི་འབོར། དབུལ་པོར་བསྐྱར་ལོག་གི་མི་འབོར་བཅས་ཟུར་བཀོད་བྱས་ནས་ལེགས་སྒྲིག་བརྒྱུད་མི་གྲངས་ཁྲི་3.7མང་དུ་ཕྱིན་ཡོད། 2017ལོའི་ཟླ་10པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་ཆ་འཕྲིན་མ་ལག་གི་མི་འབོར་དབུལ་པོ་ཁྲི་47.9ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞི་བརྟན་དུ་བཏང་བ།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱིས་བོད་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཐད་གནང་བའི་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་ཁག་གང་ལེགས་སྤྱད་དེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཡོང་བར་སྐུལ་མ་བཏང་བ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མི་འབོར་དབུལ་པོ་ཡུལ་སྤོས་དབུལ་སྐྱོར་གྱི་འདུ་འགོད་ལག་ལེན་བསྟར་བ་དང་གྲོང་ཁུལ་ནས་ས་ཆ་མུའུ་113བདམས་ཏེ་དགའ་བདེ་གླིང་ཁུལ་ཆུང་དེ་ཁག་གཉིས་ལ་བགོས་ནས་བསྐྲུན་ཡོད། པ་སངས་དང་ཉེ་འགྲམ་གྲོང་གསེབ་ཀྱི་དུད་ཚང་དབུལ་པོ་གཞན་330ལོ་འདིའི་ཟླ་10པར་དུས་ཐེངས་དང་པོའི་ཁང་གསར་ནང་སྤོས་ཡོད། ཡུལ་སྤོས་དབུལ་སྐྱོར་འདི་ཉིད་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་དབུལ་སྒྲོལ་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས་གྲོང་གསེབ་དབུལ་པོར་གཙོ་བོར་ཕྱོགས་ནས་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ། ཚན་རིག སློབ་གསོ། རིག་གནས། འཕྲོད་བསྟེན། འགན་བཅོལ་བཅས་ཀྱི“མཐོར་འདེགས་བཅུའི”འདུ་འགོད་ལ་སྐུལ་མ་བཏང་བར་མ་དངུལ་སྒོར་དུང་ཕྱུར་3062.8གཏོང་རྒྱུའི་འཆར་གཞི་བཀོད་དེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། དེ་དང་ཕྱོགས་མཚུངས་རང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་གཉིས་པར་གནས་པའི་སྲིད་འཛིན་གྲོང་ཚོ་628ལ་སྡོད་ཁང་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཛུགས་སྐྲུན་སོགས་ཚུད་པའི་འཛུགས་སྐྲུན་འདུ་འགོད་ལག་ལེན་བསྟར་བས་མཐའ་མཚམས་ཀྱི་མི་སེར་ཁྲི་24ལ་ཕན་པ་ཐོབ་རྒྱུ་ཡིན་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་301གཏོང་རྩིས་ཡོད་པ་རེད། 2017ལོའི་ཟླ་11པའི་ཟླ་དཀྱིལ་བར་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་གཉིས་པར་གནས་པའི་སྲིད་འཛིན་གྲོང་ཚོ་153བསྐྲུན་འགོ་ཚུགས་པ་དང་མ་འཇོག་ཁྱོན་སྒོར་དུང་ཕྱུར་21.6བྱས་ཡོད་པ་རེད།

    ཁ་གཏད་བོད་སྐྱོར་དང་དབུལ་སྐྱོར་ཟབ་ཏུ་བཏང་བ།

    2017ལོའི་ཟླ་8པའི་ཟླ་སྟོད་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་ཁ་གཏད་བོད་སྐྱོར་དང་དབུལ་སྐྱོར་ཟབ་ཏུ་གཏོང་བའི་ལས་དོན་ཚོགས་འདུ་མཉམ་འབྲེལ་ཐོག་འཚོགས་ནས《ཁ་གཏད་བོད་སྐྱོར་དང་དབུལ་སྐྱོར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས་ཆ་སྒྲིག་རོགས་སྐྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཁ་གཏད་བོད་སྐྱོར་གྱི་མ་དངུལ་ནས་80%དབུལ་སྒྲོལ་འགག་སྒྲོལ་དང་། དཀའ་ངལ་ཡོད་པའི་མང་ཚོགས། ཤིན་ཏུ་དབུལ་བའི་ས་ཁུལ་བཅས་ལ་གཏོང་རྒྱུའི་འགན་ལེན་བྱས་ཡོད།

    《བསམ་འཆར》ནང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཁག་གིས་ལོ་ལྟར་བོད་ལ་ལས་ཞུགས་ལས་གནས་2000དང་1000མཁོ་འདོན་བྱས་ནས་ལོ་ལྟར་མི་1000ཡན་གྱི་རྩལ་ནུས་གསོ་སྦྱོང་ལེགས་གྲུབ་ཡོང་བའི་བརྩོན་ལེན་བྱེད་པ་དང་བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་12དང《ཁེ་ལས་ཀྱིས་ལས་ཞུགས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞིའི་གྲོས་མཐུན》བཞག་ནས་ལས་ཞུགས་གཞན་བསྒྱུར་གྱི་ལས་གནས་6000ལྷག་ཙམ་བཏོད་ཡོད། བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་གཙོ་གནད་རྣམ་གྲངས་གལ་ཆེན་གནས་སའི་མི་འབོར་དབུལ་པོར་10%ཡི་བསྡུར་ཚད་གཞིར་བཟུང་ཆ་སྒྲིག་རོགས་སྐྱོར་བྱས་ནས་ཁྱིམ་ཚང་དབུལ་པོ་ནས་མི་གཅིག་ཀྲུང་དབྱང་ཁེ་ལས་ནང་ལས་ཞུགས་ཐུབ་པ་བྱས་ཡོད། 2017ལོའི་ཟླ་10པའི་ཟླ་མཇུག་བར་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཀྱིས་བོད་སྐྱོར་དབུལ་སྐྱོར་གྱི་རྣམ་གྲངས་1354དོན་འཁྱོལ་བྱས་པར་མ་འཇོག་སྒོར་དུང་ཕྱུར་32.9བྱས་ཡོད་པ་རེད།

    དབུལ་སྐྱོར་དཔྱད་ཞིབ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ།

    2017ལོར་རང་ལྗོངས་ཀྱིས་སྐོར་ཞིབ་ལྟ་བཤེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལོ་གོང་མའི་དབུལ་ཞྭ་འབུད་པའི་རྫོང་དང་མི་འབོར་དབུལ་པོ་ཉུང་གཏོང་གི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་དུས་མཚུངས་ལོ་དེའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱས་པ་རེད།

    2017ལོའི་ཟླ་3པ་ནས་5པ་བར་རང་ལྗོངས་ཀྱི་དབུལ་སྐྱོར་སྡེ་ཚན་གྱིས་གྲོང་ཁྱེར་དང་ས་ཁུལ་བདུན་དང་། རྫོང་དང་ཆུས་43ཤང་དང་གྲོང་རྡལ་50ཡི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། ཟླ་7པའི་ཟླ་དཀྱིལ་དུ་གྲོང་ཁྱེར་དང་ས་ཁུལ་བདུན་དང་། རྫོང་དང་ཆུས་41ཤང་དང་གྲོང་རྡལ་191བཅས་ལ་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    2017ལོར་རང་སྐྱོང་ལྗོངས་ཀྱིས་ད་དུང་དབུལ་སྒྲོལ་གྱི་དབུལ་ཞྭ་འབུད་པའི་རྫོང་གི་ལས་དོན་ལ་གཅིག་སྡུད་བཀོད་གཏོང་བྱས་པས་2016ལོར་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པ་130དང་ལས་རིགས་དབུལ་སྐྱོར་གྱི་ཚན་པ་21གི་ཕྱོགས་གསུམ་པའི་ཚོད་སྐོར་ལ་དཔྱད་ཞིབ་དང་དེ་བཞིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སོགས་ཀྱི་རྫོང་དང་ཆུས་དབུལ་པོ་5ཡི་དབུལ་སྒྲོལ་གྱི་དབུལ་ཞྭ་འབུད་པའི་ཚོད་སྐོར་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལས་དོན་ལེགས་གྲུབ་བྱས་ནས་དབུལ་སྒྲོལ་གྱི་དབུལ་ཞྭ་འབུད་རྒྱུའི་རྫོང་དང་ཆུས་25ལ་ཕྱོགས་གསུམ་པའི་ཚོད་སྐོར་ལས་དོན་སྤེལ་ཡོད། དེས་མ་ཚད་ད་དུང་དབུལ་སྐྱོར་ལྟ་སྐུལ་གྱི་ཐེར་འདོན་གོང་ཞུའི་ཁ་པར་12317ཤར་གཏོང་ཐུབ་པ་དང་། 2017ལོའི་ཟླ་11པའི་ཟླ་མཇུག་བར་ཐེར་འདོན་གོང་ཞུའི་དོན་གནད་13བདག་སྤྲོད་བྱས་པའི་ནང་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་ལ་བརྟག་དཔྱད་ཐག་གཅོད་བྱ་རྒྱུར་གྱོད་གཞི་ལྔ་རྩིས་སྤྲད་པ་དང་། ས་ཁུལ་དང་གྲོང་ཁྱེར་རམ་ཡང་ན་འབྲེལ་ཡོད་སྡེ་ཚན་ལ་གྱོད་དོན་ལྔ་ཐག་གཅོད་བྱ་རྒྱུ་རྩིས་སྤྲད་པ། གྱོད་གཞི་གསུམ་ཞིབ་བཤེར་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།