[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྒྲོལ་དཀར་གྱིས“འཐུས་མིའི་བགྲོད་ལམ”ཐོག་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས།

    ཡུལ་སྨད་ཤང་འདི་ཉིད་སྐལ་བཟང་མེ་ཏོག་ལྟར་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཟླ་3ཚེས་11ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི“འཐུས་མིའི་བགྲོད་ལམ”གྱི་གཅིག་སྡུད་བཅར་འདྲི་བྱེད་སྒོ་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་དབུས་ཀྱི་བྱང་ངོས་སུ་སྤེལ་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྒྲོལ་དཀར“འཐུས་མིའི་བགྲོད་ལམ”ཐོག་འབྱོར་བ་དང་འབྲེལ་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་ནས་ཡུལ་སྨད་ཤང་འདི་ཉིད་སྐལ་བཟང་མེ་ཏོག་ལྟར་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    ཆུ་ཚོད་14དང་སྐར་མ་5ཡི་ཐོག་བཅར་འདྲི་བྱེད་འགོ་ཚུགས་ཤིང་། མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་སྒྲོལ་དཀར་གྱིས“འཐུས་མིའི་བགྲོད་ལམ”ཐོག་བསྐྱོད་དེ་བོད་སྐད་ཀྱི་ཐོག་ནས་གསར་འགོད་པས་བཏོན་པའི་དྲི་བར་ལན་བརྒྱབ་པ་རེད།

    ཡུལ་སྨད་ཀྱི་འཕེལ་རྒྱས་འགྱུར་ལྡོག་སྐོར་གླེང་སྐབས། སྒྲོལ་དཀར་གྱིས་ང་ཚོ་ཡུལ་སྨད་ཤང་གི་འཕེལ་རྒྱས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོ་ཕྱིར་བསྐྱོད་སའི་གཞུང་ལམ་ཤར་གཏོང་ཐུབ་ཡོད་ལ་གློག་ཡོད་པ་མ་ཟད།བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ང་ཚོར་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པ་སྐྲུན་བཞིན་ཡོད། གྲོང་ཚོའི་ནང་ཚོང་ཁང་དང་། ཟ་ཁང་། འགྲུལ་ཁང་བཅས་ཡོད་ལ། ཅ་ལག་ཉོ་སྐབས་ཀྱང་དངུལ་སྨར་སྤྲོད་མི་དགོས་པར་ལག་ཐོགས་ཁ་པར་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་སྤྲད་ན་འགྲིག་གི་ཡོད་ཅེས་བཤད།

    འགྱུར་ལྡོག་དེ་ལྟར་བྱུང་བས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ངེས་པར་དུ་རྒྱལ་ཁབ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ལ་མུ་མཐུད་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་མ་ཟད། ཡུལ་སྨད་ཤང་དེ་སྐལ་བཟང་མེ་ཏོག་ལྟར་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།

    ཚོགས་ཞུགས་སྐབས་སྐད་བརྡ་མི་འཕྲོད་པའི་གནད་དོན་སྐོར་འདྲི་སྐབས། སྒྲོལ་དཀར་གྱིས་པེ་ཅིང་ལ་མ་སླེབས་གོང་། སེམས་ཁྲལ་ཅུང་ཟད་བྱུང་ཡང་པེ་ཅིང་དུ་སླེབས་རྗེས་ཚོགས་ཆེན་གྲ་སྒྲིག་ཚོགས་ཆུང་གིས་ང་ཚོར་ཆེད་མངགས་བོད་ཡིག་གི་ཡིག་ཆ་གྲ་སྒྲིག་བྱས་ཡོད་པ་དང་འཐུས་མི་ཚོགས་པས་ད་དུང་ང་ཚོར་ཆེད་ལས་ཀྱི་སྐད་སྒྱུར་མི་སྣ་བཀོད་སྒྲིག་བྱས་འདུག་པས་སེམས་ཁྲལ་དེ་ཙམ་མ་བྱུང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་ངེས་པར་དུ་འགན་འཁྲི་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།