[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པའི་འགན་ཁུར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཝུའུ་དབྱིང་ཅེ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཟླ་6ཚེས་11ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པའི་འགན་ཁུར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་དུས་རབས་གསར་པའི་རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་དྲ་སྦྲེལ་ཏང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་སྤེན་པ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་བོད་སྡོད་སྨྱན་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པའི་འགན་འཁུར་བ་ཁག་གཅིག་གིས་ངོས་འཛིན་གླེང་བ་དང་། ལས་དོན་བརྗོད་པ། གྲོས་འགོ་འདོན་པ་བཅས་བྱས་ཏེ་རྒྱུན་གཏན་གྱི་སྐད་ཆའི་ཐོག་ནས་སྤྱིར་བཏང་མ་ཡིན་པའི་ལས་ཀའི་ཉམས་མྱོང་གླེང་བ་དང་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་པ་རེད།

    ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་་ཁས་ལེན་གང་ལེགས་གནང་བ་དང་སྨྱན་སྦྱོར་ཚན་པ་ཁག་དང་རྒྱ་ཆེའི་གསར་འགྱུར་ལས་དོན་པས་བོད་དྲིལ་བསྒྲགས་ཐད་ཕུལ་བའི་ལེགས་སྐྱེས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    ཝུའུ་དབྱིང་ཅེས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ནི་ཏང་གི་ལས་དོན་གལ་ཆེན་ཞིག་རེད། སྨྱན་སྦྱོར་ཚན་པ་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་ཀྱི་དགོངས་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་ཆབ་སྲིད་ཀྱི་ཁ་ཕྱོགས་ཨང་དང་པོར་འཇོག་པ་དང་། ཏང་གི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་མཛད་ཕྱོགས་ཁོང་དུ་ཆུད་པ་བྱེད་པ། དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་མཐའ་འཁྱོངས་བྱེད་པ། བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཚ་ཚ་འུར་འུར་གྱི་་འཚོ་བ་དང་གསོན་ཉམས་དོད་པའི་ལག་ལེན་ཁྲོད་གཏིང་ཟབ་ཞུགས་པ། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་དང་རིག་གནས་བྱེད་སྒོ་ཁག་སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཕོག་ནུས། སྤྱི་མོས་ཐོབ་ཤུགས་བཅས་ཆེ་རུ་ཏན་ཏིག་བཏང་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་སྨྱན་སྦྱོར་ཚན་པ་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ཚད་གཞི་ཁ་གསལ་ཞིག་དང་གཞི་རྩའི་ཆབ་སྲིད་ཀྱི་བླང་བྱར་བརྩིས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། བསམ་བློ་འཛུགས་སྐྱོང་ལ་སྣང་ཆེན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་ཀྱི་དགོངས་པའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གཤིས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཏང་གི་སྨྱན་སྦྱོར་གྱི་རུས་མིང་ཏང་ཡིན་པ་མཐའ་འཁྱོངས་ཀྱིས་ཏང་གི་འདོད་འདུན་གང་ལེགས་མངོན་པ་དང་། ཏང་གི་བཞེད་དགོངས་མངོན་པ། ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་བཅས་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་མཐའ་འཁྱོངས་དང་། ཏང་དང་མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་ཆབ་སྲིད་ཀྱི་སྣེ་འཁྲིད་ནུས་པ་དང་བསམ་བློའི་སྣེ་འཁྲིད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཆེ་རུ་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་བློ་གྲོས་དང་བྱས་རྗེས་རླབས་པོ་ཆེ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་ཕུན་སུམ་ཚོགས་པོའི་ངང་ལག་ལེན་བསྟར་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱེད་དགོས། བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཀྲུང་ཧྭའི་རིག་གནས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཀྱི་བརྟེན་ས། བསམ་པའི་ཁྱིམ་གཞིས་བཅས་སུ་གྱུར་པ་བྱས་ནས་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཚོས་གསལ་པོ་ཤེས་རྟོགས་ཐུབ་པ་བྱེད་དགོས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་སྣེ་འཁྲིད་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་སྨྱན་སྦྱོར་ཚན་པ་ཁག་གིས་རང་ལྗོངས་ཀྱི་གནས་ཚུལ་ལ་གཞིས་ཚུགས་ཏེ་གསར་འགྱུར་གཏོང་སྤེལ་བྱེད་སྟངས་གསར་གཏོད་བྱེད་པ་དང་། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། ཕྱོགས་མང་པོ་དང་རིམ་པ་མང་བའི་འཕེལ་ཕྱོགས་གཙོ་བོའི་གླེང་ཕྱོགས་གཏོད་པ་བཅས་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པ་དང་། གསར་འགྱུར་གཏོང་སྤེལ་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་གསར་འགྱུར་གླེང་ཕྱོགས་ཀྱི་ལས་ཀའི་གཞི་ཁྱོན་དང་གཏིང་ཚད་ཕུན་སུམ་ཚོགས་སུ་བཏང་ནས་འཕེལ་ཕྱོགས་གཙོ་བོའི་བསམ་བློའི་གླེང་ཕྱོགས་ཀྱི་ཟིལ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པ། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུར་དམིགས་པ་དང་། བརྟན་ལྷིང་གི་གཞི་རྩ་བརྟན་དུ་གཏོང་བ་དང་བརྟན་ལྷིང་ཐད་མི་རིགས་ཁག་གི་མང་ཚོགས་གཞན་སྐུལ་ནས་རང་འགུལ་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་དམིགས་པ། རང་འགུལ་ངང་ལས་དོན་སྒྲུབ་ཏེ“འཛམ་གླིང་ཐོག་གི་དག་ཞིང་མཐའ་མར”སྲུང་སྐྱོང་ཡག་པོ་བྱ་རྒྱུར་དམིགས་པ་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་དང་སྒུལ་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་བསྒྲིལ་ཐུབ་པ་བྱེད་དགོས་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་ཚད་དང་རྟོལ་ཤུགས་ཆེ་རུ་གཏོང་དགོས་པ། ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་འབྲེལ་མཐུད་ཀྱི་ལམ་བུ་ཤར་བགྲོད་ཐུབ་པ་བྱས་ནས་སྨྱན་སྦྱོར་ཚན་པའི་གླེང་ཕྱོགས་དང་ལྟ་སྐུལ་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་ཏང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྲིད་དབང་གི་འདུ་ཤེས། གཡུལ་སའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་བ་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆ་དང་། དོ་དམ་དབང་ཆ། སྐད་ཆ་ཤོད་དབང་བཅས་ཁོང་དུ་ཏན་ཏིག་ཆུད་པ་བྱེད་དགོས་པ་དང་། གསར་འགྱུར་ལས་ཀའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བོད་སྐྱོར་ལས་ཀའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁ་ཚ་དགོས་གཏུགས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་། ད་ཡོད་ཀྱི་ཤེས་ལྡན་མི་སྣ་བེད་ཡག་པོ་སྤྱོད་པ། གསར་འགྱུར་ལས་དོན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་བཅས་བྱས་ཏེ་གསར་འགྱུར་སྨྱན་སྦྱོར་དང་གསར་འགྱུར་ལས་དོན་པར་ལས་ཀའི་ཁོར་ཡུག་བཟང་པོ་གཏོད་པ་དང་ཆ་རྐྱེན་ཡག་པོ་བསྐྲུན་དགོས་པ། གསར་འགྱུར་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་། དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གསར་འགྱུར་གླེང་ཕྱོགས་ཀྱི་ལས་ཀའི་དམིགས་སའི་རང་བཞིན་དང་། སྙིང་ཉེ་ཤུགས། ཡིད་དབང་འགུགས་ཤུགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་རྒྱ་ཆེའི་གསར་འགྱུར་ལས་དོན་པས་མང་ཚོགས་དང་འཚོ་བའི་ཁྲོད་གཏིང་ཟབ་སྐྱོད་པ་དང་། བརྩེ་བས་ཁེངས་པ་དང་ངར་སེམས་འཕེལ་བ། ལས་འགན་དང་འགན་འཁྲི་འཁུར་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གསར་འགྱུར་དྲིལ་བསྒྲགས་བྱ་གཞག་ཁྲོད་ཞུགས་ནས་ཏང་གི་སྲིད་ཇུས་བཞེད་དགོངས་ཀྱི་བརྒྱུད་བསྒྲགས་པ་དང་། དུས་རབས་འགྱུར་ལྡོག་གི་ཟིན་བྲིས་པ། སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐུལ་འདེད་པ། དྲང་སྙོམས་དྲང་བདེན་གྱི་ལྟ་སྲུང་བ་བཅས་བྱ་རྒྱུ་བརྩོན་ལེན་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།