[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བ་གླང་རྒྱུད་པ་ལེགས་བཅོས་བྱས་པ་ལས་འཚོ་བར་འགྱུར་ལྡོག་བྱུང་བ།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་བ་གླང་རྒྱུད་པ་ལེགས་བཅོས་ལས་དོན་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    དབྱར་གཞུང་བསིལ་རླུང་ལྡང་བའི་ནམ་དུས་ཤིག་ ལ། གསར་འགོད་པ་གཉལ་གཞུང་གི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་གཤིན་པོའི་ཐོག་སྐྱོད་སྐབས་གཙང་འགྲམ་དུ་གླ་ཚེར་སྔོ་ཐིང་ཐིང་དུ་སྐྱེས་པ་དང་། ཞིང་ནང་གི་སྙེ་མས་མགོ་ལྕོག་ལྡེམ་བཞིན་ང་ཚོར་བསུ་བ་བྱེད། སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་གཉལ་གཞུང་དུ་ཤ་ཤེད་རྒྱས་པའི་རྒྱུད་པ་ལེགས་བཅོས་བྱས་པའི་བ་གླང་དག་གིས་ང་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག

    རྒྱུད་པ་ལེགས་བཅོས་བྱས་པའི་བ་གླང་ནི་ལྷུན་རྩེ་རྫོང་གི་བཀྲག་མདངས་འཚེར་ས་ཤིག་ཡིན་པ་མ་ཟད། ལྷུན་རྩེ་རྫོང་གི་མང་ཚོགས་ལའང་ཡོང་འབབ་མི་དམན་པ་ཞིག་བྱུང་ཡོད། ལྷུན་རྩེ་རྫོང་བ་གླང་རྒྱུད་པ་ལེགས་བཅོས་མཐུན་ཚོགས་གནས་སའི་རི་རོང་ཤང་མཚེ་སྨན་གྲོང་ཚོའི་གྲོང་མི་རྡོ་རྗེས་ད་ཆ་ང་ཚོའི་ཁྱིམ་གྱི་བ་གླང་ཚང་མ་རྒྱུད་པ་ལེགས་བཅོས་བྱས་པའི་བ་གླང་ཡིན་པ་དང་། ད་ཆ་ཕ་ཕྱུགས་ལ་བརྟེན་པའི་ཟླ་རེའི་ཡོང་འབབ་སྒོར་2000མང་དུ་ཕྱིན་པ་དེ་གྲོང་ཚོའི་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་བྱ་བཟང་དེ་ལས་བྱུང་བ་ཞིག་རེད། ད་ཆ་གྲོང་ཚོ་ཡོངས་སུ་བ་གླང་རྒྱུད་པ་ལེགས་བཅོས་བྱེད་ཚད་100%ཟིན་ཡོད་ཅེས་བཤད།

    མང་ཚོགས་ལ་འབབ་འཕར་བྱུང་བ་དང་མང་ཚོགས་བློ་ཡིད་ཚིམ་པའི་ད་ཆའི་རྣམ་པ་དེ་ལྷུན་རྩེ་རྫོང་གིས་ལོ་མང་རིང་བ་གླང་རྒྱུད་པ་ལེགས་བཅོས་བྱས་པར་ཐོབ་པའི་གྲུབ་འབྲས་ཡག་ཤོས་ཀྱི་དཔང་རྟགས་ཤིག་རེད། ལྷུན་རྩེ་རྫོང་གི་ཕྱུགས་ཁྱུའི་གྲུབ་ཆ་སྔར་བས་བཟང་སྒྲིག་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ། བ་གླང་རྒྱུད་པ་ལེགས་བཅོས་ལས་དོན་གྱི་གཏན་ལ་ཁེལ་བའི་དམིགས་ཚད་གྲུབ་པ་བཅས་བྱ་ཆེད། ཉེ་བའི་ལོ་7རིང་། ལྷུན་རྩེ་རྫོང་གི་བ་གླང་རྒྱུད་པ་ལེགས་བཅོས་ལས་དོན་ཐད་བརྟན་པོའི་ངང་སྐུལ་འདེད་དང་བརྟན་པོའི་ངང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་པ་དང་འབྲེལ་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།

    ལྷུན་རྩེ་གྲོང་རྡལ་ཡེར་པ་གྲོང་ཚོའི་གྲོང་མི་ཆོས་སྒྲོན་གྱིས་དགའ་ཚོར་ཆེན་པོས་རང་ཁྱིམ་གྱི་བ་གླང་རྒྱུད་པ་ལེགས་བཅོས་བྱས་པ་བརྒྱུད་ད་ཆ་འོ་མ་བབ་ཚད་དེ་སྔོན་ལས་ལྡབ་གཉིས་ཀྱིས་མང་དུ་ཕྱིན་པ་དང་རང་ཁྱིམ་གྱི་འོ་མ་འབེལ་བ་དང་འོ་མ་ལྷག་མ་རྣམས་ཕྱིར་འཚོང་གི་ཡོད་ཅེས་བཤད་བྱུང་།

    མིག་སྔའི་བར་ལྷུན་རྩེ་རྫོང་གི་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་བ་གླང་རྒྱུད་པ་ལེགས་བཅོས་བྱེད་ས་44བཙུགས་པ་དང་། འཁྱག་སྦྱོར་ལག་རྩལ་གྱི་རྐང་འཛིན་པ་74ཡིས་གཙོ་བོ་བྱེད་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་ལག་རྩལ་པས་གཞོགས་འདེགས་བྱེད་པའི་བ་གླང་ལག་རྩལ་ཞབས་ཞུའི་དྲ་རྒྱ་གྲུབ་ཡོད་པ་དེས་བཞོན་མ་གསོ་ཚགས་གཡོག་བྱེད་དང་། འཁྱག་སྦྱོར། རིམས་ནད་འགོག་བཅོས་སོགས་ལ་ཕྱོགས་ཡོངས་ནས་ལག་རྩལ་མཛུབ་ཁྲིད་དང་ཞབས་འདེགས་ཞུ་གི་ཡོད། འཕེལ་རྒྱས་ཁྲོད་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པའི་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་དཔུང་ཁག་དང་ལག་རྩལ་དེ་ཤང་གྲོང་5ཡི་སྲིད་འཛིན་གྲོང་ཚོ་56ལ་ཁྱབ་པ་དང་། ལྷུན་རྩེ་གྲོང་རྡལ་དང་། རི་ཐང་གྲོང་རྡལ། གཉལ་སྨད་ཤང་བཅས་སུ་བ་གླང་རྒྱུད་པ་ལེགས་བཅོས་ཤང(གྲོང་རྡལ)ཚང་མར་ཁྱབ་གདལ་གཏོང་ཐུབ་པ་བྱུང་ཡོད། རི་རོང་ཤང་མཚེ་སྨན་གྲོང་ཚོའི་གྲོང་ཚོ་ཡོངས་སུ་ཁྱབ་གདལ་བཏང་ནས་རྒྱུད་པ་ལེགས་བཅོས་བྱེད་ཚད་100%ཟིན་ཡོད་པ་རེད། རྫོང་དེ་ཡོངས་སུ་ལོར་ཆ་སྙོམས་རྒྱུད་པ་ལེགས་བཅོས་བྱས་པའི་བ་གླང་བཙོངས་ཚད་མགོ་གྲངས་1500ཡན་ཟིན་ཡོད།

    ལྷུན་རྩེ་རྫོང་ཞིང་འབྲོག་ཅུས་ཀྱི་འགན་ཁུར་བ་རྒྱལ་མཚན་གྱིས་གསར་འགོད་པར། 2011ལོ་ནས་བཟུང་ང་ཚོའི་རྫོང་ལ་འཁྱག་སྦྱོར་བྱས་པའི་བ་གླང་མགོ་གྲངས་ཁྲི་4.92ཟིན་ནས་ལས་འགན་ལེགས་གྲུབ་བྱེད་ཚད་100%ཟིན་པ་དང་། གསར་སྐྱེས་བེའུ་མགོ་གྲངས་ཁྲི་3.45ཟིན་ནས་ལོར་གསོན་ཚད་95.5%ཟིན་པ། བསྡོམས་བརྩིས་བྱས་ན་རྒྱུད་པ་ལེགས་བཅོས་བྱས་པའི་བ་གླང་མགོ་གྲངས་ཁྲི་1.33བཙོངས་པའི་ཡོང་འབབ་སྒོར་ཁྲི་7190.58བྱུང་ཡོད་ཅེས་བཤད་བྱུང་།

    “2004ལོའི་གོང་དུ་ང་ཚོའི་ཁྱིམ་ཚང་ནི་དུད་ཚང་དབུལ་པོ་ཞིག་ཡིན། སྟོན་ཐོག་བཏབ་བའི་ལོའི་ཡོང་འབབ་སྒོར་ཆིག་སྟོང་ལྷག་ཙམ་ལས་མེད། བ་གླང་རྒྱུད་པ་ལེགས་བཅོས་བྱས་པ་བརྒྱུད། ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་པ་དང་ད་ཆ་ང་ཚོའི་ཁྱིམ་དུ་རྒྱུད་པ་ལེགས་བཅོས་བྱས་པའི་བ་གླང་12ཡོད་པ་ལས་ལོར་ཡོང་འབབ་སྒོར་ཁྲི་4ལྷག་ཡོང་གི་འདུག་ཅེས”བ་གླང་རྒྱུད་པ་ལེགས་བཅོས་ལས་ཁྱིམ་ཚང་ཕྱུག་པོར་ཆགས་པའི་སྐོར་གླེང་སྐབས་པ་སངས་ཀྱིས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།

    པ་སངས་ཁྱིམ་ཚང་ནི་བ་གླང་རྒྱུད་པ་ལེགས་བཅོས་ལས་ཕན་པ་ཐོབ་མཁན་གྱི་ཁྱིམ་ཚང་ཞིག་རེད། བ་གླང་རྒྱུད་པ་ལེགས་བཅོས་དང་གསོ་ཚགས་བྱ་རྒྱུ་དེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བའི་ཐོན་ལས་གལ་ཆེན་དུ་གྱུར་ཅིང་། ཐོན་ལས་འཕེལ་རྒྱས་སྟོབས་ཆེར་ཕྱིན་པར་བརྟེན། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།

    ད་ཆ་བ་གླང་རྒྱུད་པ་ལེགས་བཅོས་བྱ་རྒྱུ་དེ་ལྷུན་རྩེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་ཞིག་ཡིན་པ་དང་། ཞིང་འབྲོག་ལས་དང་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུའང་གནས་བབ་གལ་ཆེན་བཟུང་ཡོད། རྒྱལ་མཚན་གྱིས་ལྷུན་རྩེ་རྫོང་གིས་གོམ་སྟབས་རྗེས་མར་དྲིལ་བསྒྲགས་སྐུལ་སློང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་པའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན་དང་ལག་རྩལ་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྫོང་དེའི་བ་གླང་རྒྱུད་པ་ལེགས་བཅོས་ཀྱི་ལག་རྩལ་མི་སྣ་74ཡིས་འབྲེལ་ཡོད་ལག་རྩལ་ཁོང་དུ་ཆུད་ཐུབ་པ་བྱས་ཏེ་འཁྱག་སྦྱོར་ལས་དོན་ལེགས་སྒྲུབ་བྱ་རྒྱུ། ཕ་ཕྱུགས་ཀྱི་སྤུས་ཚད་ལེགས་སུ་བཏང་ནས་ཆེད་ལས་ཅན་དང་། གཞི་ཁྱོན་ཅན། ཞིབ་ལས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་ལྷུན་རྩེ་རྫོང་གི་གྲོང་གསེབ་གསར་པ་སྐྲུན་ཆེད་ཐབས་དང་ཇུས་འདོན་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།