[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལག་རྩལ་བསླབ་ནས་བདེ་ཐང་ཡོང་བ་བྱས།

    —— སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    རང་ལྗོངས་ཀྱི་ས་གནས་དེའི་སྨན་པ་དང་མང་ཚོགས་ཀྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་བདེ་རྩ་སྤྲད་ལུགས་བཤད་པ་དང་། “འདེམས་མངགས་ཐར་ཐོར”དེ“ཚོགས་སྒྲིག་བཀོད་སྒྲིག”ལ་གྱུར་པ་དང་། “གཞན་བརྟེན”དེ“རང་བརྟེན”ལ་གྱུར་ནས་ལོ་གསུམ་སོང་རིང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སློབ་གསོ་པུའུ་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་སྐུལ་འདེད་ཤུགས་ཆེན་འོག་རང་ལྗོངས་ཀྱིས“ལུགས་མཐུན་དང་། མངོན་འགྱུར་ཡོང་བ། རྒྱུན་བསྲིང་ཐུབ་པ། གདེང་འཇོག་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྡེ་ཚན་མཉམ་འགུལ་དང་གོང་འོག་མཐུན་སྦྱོར་དང་། བར་མེད་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས་ཀྱི་སྒོ་ནས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་མ་གཏོང་རྒྱུ་དེ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་ཡོད་པ་རེད། 

    ནམ་ཡང་ཁ་མི་འབྲལ་བའི་སྨན་བཅོས་རུ་ཁག་ཅིག་བཏོད་པ།

    ཡོང་སྐབས་སྨན་བཅོས་རུ་ཁག་ཡིན་པ་དང་ཁ་བྲལ་སྐབས་གོས་དཀར་ལྷ་རྗེ་མང་པོ་གསོ་སྐྱོང་བྱས་ཡོད། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བྱ་ཐབས་མང་པོ་མཉམ་སྤྱོད་དང་གནད་སྨིན་ངང་ཐབས་ཇུས་ལག་ལེན་བསྟར་ཏེ་ནུས་ཤུགས་གང་ཡོད་ཀྱིས་སྨན་བཅོས་ཤེས་ལྡན་པའི་ཞན་ཆ་གསབ་ཡོད། 

    སྨན་ཁང་གི་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་འཆར་གཞི་ཡག་པོ་བཟོས་ཤིང་། “1+7”སྨན་ཁང་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྨན་བཅོས་ཤེས་ལྡན་པ་འཚར་ལོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རིམ་པ་ཡོད་པ་དང་། སྒྲིག་གཞི་ཚང་བ། གནས་ཐུབ་པ། གང་ལེགས་སྤྱོད་ཐུབ་པ་བཅས་ཀྱི་ཆུ་ཚད་མཐོ་བའི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་ཅིག་བཏོད་དེ་རིམ་པ་མཐོ་བའི་ཤེས་ལྡན་པ་དང་།  གསོ་རིག་ཐད་ཀྱི་སློབ་ཐོན་སློབ་མ་དང་ཤེས་ལྡན་པ་ཁ་ཐང་བའི་དགོས་མཁོ་མངོན་གསལ་དོད་པོར་དམིགས་ནས་རོགས་སྐྱོར་དང་ལེན་བྱེད་མཁན་གྱིས་ལོ་གསུམ་དང་། ལོ་ལྔ། ལོ་བཅུ་བཅས་རིང་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་འཆར་འགོད་ཁག་སོ་སོར་བཟོས་ནས“སྤྱོད་གོ་ཆོད་པའི་ཤེས་ལྡན་པ་སྐྱོང་རྒྱུའི”དམིགས་ཚད་བཏོན་ཡོད། 

    ས་གནས་ཀྱི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་གང་ལེགས་བྱས་པ། “ཚོགས་པས་ཚོགས་པ་ཁྲིད་པ་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་ཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”བཅས་མཐའ་འཁྱོངས་བྱས་ནས་སྣེ་ཁྲིད་རོགས་རམ་གྱི་དཔྱད་ཞིབ་ཚོད་སྐོར་དང་། ལྕག་སྐུལ་འགན་ལེན། ཡུན་རིང་ཆ་སྒྲིག་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་ནས་སྨན་དོན་པ་930བདམས་ནས་སྦྲེལ་མཐུད་ཚོགས་པ་421བཙུགས་ནས་ཆ་སྒྲིག་སློབ་སྦྱོང་བྱས་ཡོད། འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་སྨན་དོན་མི་སྣ་822ཁ་གཏད་རོགས་སྐྱོར་སྨན་ཁང་དུ་གསོ་སྦྱོང་དང་ཟབ་སྦྱོང་ལ་འདེམས་གཏོང་བྱས་ཏེ་སྨན་བཅོས་ཀྱི་འཇོན་ཐང་ཆེ་རུ་བཏང་ཡོད། 

    འཕྲལ་མཁོ་ཆེ་བའི་ཤེས་ལྡན་པ་ནང་འདྲེན་ཤུགས་ཆེན་བྱས་པ། ལྷག་བསམ་ཆེ་ཤོས་དང་། གཟིགས་སྐྱོང་ཆེ་ཤོས་ཀྱི་སྲིད་ཇུས། ཞབས་ཞུ་ལེགས་ཤོས་བཅས་ལ་བརྟེན་ནས་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་མཉམ་འཛོམས་བྱུང་ཡོད། 2017ལོར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ཤེས་ལྡན་པ་172ནང་འདྲེན་བྱ་རྩིས་ཡོད་པར་དངོས་སུ་མིང་ཐོ་འགོད་མཁན་1000ལས་བརྒལ་ཡོད། འདི་ལོ་ནས་བཟུང་སློབ་ཁུངས་བོད་ནས་མིན་པའི་ནང་སའི་སློབ་ཐོན་སློབ་མ་ཆེད་མངགས་བསྡུ་སྐབས་གསོ་རིག་ཐད་ཀྱི་སློབ་ཐོན་སློབ་མའི་གྲངས་ཚད་ངེས་ཅན་ཞིག“1+7”སྨན་ཁང་ལ་བསྡུས་ཡོད། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་བབ་བསྟུན་གྱི་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚུགས་དང་པོ་དེ་གྲུབ་འབྲས་ཐོབ་པའི་ངང་བཙུགས་ཡོད། 

    “སྨན་ཁང་གིས་སྡེ་ཁག་འགན་གཙང་ལེན་ཤུགས”ཆེ་རུ་བཏང་བ།

    སྣེ་ཁྲིད་ཚན་པ་དང་སྡེ་ཁག་འགན་གཙང་ལེན་མཁན་སྨན་ཁང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་ས་གནས་ཀྱི་ནད་གཞི་དང་ཟུང་འབྲེལ་གྱིས་སྨན་ཁང་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྐོང་བའི་སྡེ་ཁག་ཁག་གཅིག་སྟོབས་ཤུགས་གཅིག་སྡུད་ངང་བཏོད་ཡོད། 

    “སྨན་ཁང་གིས་སྡེ་ཁག་འགན་གཙང་ལེན་པའི”ལས་དོན་ཏན་ཏིག་བསྒྲུབས་པ། པེ་ཅིང་ཞེ་ཧོ་སྨན་ཁང་སོགས་སྣེ་ཁྲིད་ཚན་པ་8དང་སྨན་ཁང་65ཡིས“1+7”སྨན་ཁང་གི་སྡེ་ཁག་164ལ་རོགས་སྐྱོར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལོ་གསུམ་རིང“1+7”སྨན་ཁང་གིས་ནང་སའི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྲུབ་འབྲས་ཁག་717ནང་འདྲེན་བྱས་ནས་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོར་ལག་རྩལ་གྱི་ཚད་བརྒལ་ཆེན་པོ་840བྱུང་ནས་ས་ཁོངས་ནང་གི་སྨན་བཅོས་ལག་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་788བསྐངས་ཡོད། 

    སྡེ་ཁག་གི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། དངོས་ཐོག་བདེན་འཚོལ་དང་སྨན་བཅོས་ཀྱི་དགོས་མཁོ་མངོན་གསལ་དོད་པའི་རྩ་དོན་ལ་དམིགས་ཏེ“1+7”སྨན་ཁང་གི་སྡེ་ཁག་ཚད་ལྡན་བཀོད་སྒྲིག་དང་། རིག་ཚན་192ཚགས་ཚུད་འཐུས་ཚང་། རིམ་གཉིས་ཆེད་ལས་ཀྱི་ཡན་ལག་སྡེ་ཁག་96ཚད་ལྡན་བཅས་ཡོང་བ་བྱས་པས་རོགས་སྐྱོར་དང་ལེན་སྨན་ཁང་ལ་ཆ་སྙོམས་སྡེ་ཁག་27མང་དུ་ཕྱིན་ཡོད། 

    མི་རྒྱུ་དངུལ་གསུམ་འགན་ལེན་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་གང་ལེགས་ཀྱིས་ལྗོངས་ཡོངས་ཀྱི་སྟོབས་ཤུགས་དང་བློ་གྲོས་གཅིག་ཏུ་བསྡུས་ཏེ་སྐུལ་སྤེལ་ཤུགས་ཆེན་བཏང་ཡོད།

    རྩ་འཛུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགན་འཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་གི་འགན་བཞེས་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། 《སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་ཏན་ཏིག་ངང་སྐུལ་འདེད་གཏིང་ཟབ་གཏོང་བའི་ལག་བསྟར་བསམ་འཆར》བཏོན་ཡོད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་དམ་འཛིན་བྱས་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ། ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ནན་པོ་བྱས་པ། འགན་འཁྲི་འཁུར་ཡུན་ཁ་གསལ་བཟོས་པ་བཅས་བྱས་ཡོད། 

    མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། “1+7”སྨན་ཁང་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ནས་གཙོ་གནད་དུ་རྒྱབ་སྐྱོར་བྱས་པ་དང་། མ་དངུལ་གཏོང་ཆ་མང་དུ་གཏོང་བའི་ལམ་སྲོལ་བརྟན་པོ་བཙུགས་ནས་ནོར་སྲིད་དང་རྣམ་གྲངས་སོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་26ལྷག་ཙམ་བསྡུ་སྒྲིལ་བྱས་ནས་སྨན་ཁང་འཛུགས་སྐྱོང་དང་འཕེལ་རྒྱས་ལ་བཏང་ཡོད། དེ་དང་ཕྱོགས་མཚུངས་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་17དང་མཐུན་སྦྱོར་ཡོང་བ་བྱས་ནས“ལོ་ལྔ་ཚན་བཅུ་གསུམ”རིང་འཕྲོད་བསྟེན་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་16.09གཏོང་རྒྱུའི་འཆར་གཞི་ཡོད་པ་དེ་གཙོ་གནད་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་གཟིགས་སྐྱོང་བྱ་རྒྱུ་རེད། 

    ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ། རྒྱུན་རྣམ་གྱི་ཕུགས་ཕན་ལ་གཙོ་གནད་དུ་སྐུལ་འདེད་བཏང་ནས་ཤེས་ལྡན་པའི་སྣེ་ཁྲིད་རོགས་རམ་དང་། “སྨན་ཁང་གི་སྡེ་ཁག་འགན་གཙང”དབུ་བཞུགས་རིགས་གཅིག་མཁས་ཅན། དཔྱད་ཞིབ་ཚོད་སྐོར། སློབ་གསོ་དོ་དམ་སོགས་ཐད་ལམ་ལུགས་9བཟོས་ཡོད་པ་དེས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་རིམ་བཞིན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་སྲོལ་ལམ་ཐོག་བསྐྱོད་རྒྱུར་སྐུལ་མ་བཏང་ཡོད། དེ་དང་ཕྱོགས་མཚུངས་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་དང་བོད་སྐྱོར་སྨན་བཅོས་ཤེས་ལྡན་པར་རིགས་ཆེ་ཁག་3དང་རྣམ་གྲངས་41གི་དཔྱད་ཞིབ་དམིགས་ཚད་བཏོན་ཡོད། 

    ཏང་འཛུགས་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། “1+7”སྨན་ཁང་གི་ཏང་འཛུགས་སྐྱོང་གི་ལས་དོན་བསམ་འཆར་ཞིབ་འཇུག་བྱས་ནས་བཟོས་ཏེ་སྨན་ཁང་ཏང་ཨུད་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས་སྨན་ཁང་གི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཏང་ཀྲི་པུའུ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་དང་ཏང་འཛུགས་སྐྱོང་གི་ལས་དོན་ཁྱབ་རྒྱ་ཆེ་རུ་བཏང་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།