[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་མང་ཚོགས་ཚོས་བློ་བདེའི་གློག་སྔ་ཙམ་སྤྱོད་ཐུབ་པར་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    ཟླ་10ཚེས་5ཉིན་གྱི་ཞོགས་པའི་ཆུ་ཚོད་7པར། བོད་རིགས་ས་ཁུལ་གྱི་ཤར་ངོས་སུ་གནས་པའི་སྤོ་མེས་རྫོང་དུ་སྤྲིན་ནག་རབ་ཏུ་འཁྲིགས་ནས་གྲང་རླུང་འུར་འུར་དུ་ལྡང་ཞིང་། དྲོད་ཚད་ཧྲེ་ཧྲི་ཏུའུ་10ཡང་ཟིན་གྱི་མེད། སྐབས་དེར་བོད་དབུས་དང་ཆབ་མདོའི་གློག་དྲ་དྲ་སྦྲེལ་འགན་གཙང་ལས་གྲྭའི་ལམ་དུམ་14པའི་ལས་ཡུལ་དངོས་ཀྱི་འགན་ཁུར་བ་ཀའོ་མིང་དང་། བདེ་འཇགས་འགན་ཁུར་བ་ཀེང་དབན་ལེང་། སྤུས་ཚད་ལྟ་ཞིབ་པ་ཝང་ཅུན་ཧྥུང་དང་ཝུའེ་ཞུས་བཅས་རྣམ་གྲངས་པུའུ་ནས་ཐོན་ཏེ་ལས་གྲྭ་གང་མགྱོགས་མཇུག་འགྲིལ་ནས་གློག་སྔ་ཙམ་གཏོང་ཐུབ་ཆེད་གློག་སྐུད་འཁྲིད་ཚུལ་ལ་སྐོར་ཞིབ་བྱེད་བཞིན་ཡོད།

    ལམ་དུམ་ལས་གྲྭ་དེའི་གློག་སྒྲོམ་མང་ཆེ་བ་གདོད་མའི་ནགས་ཚལ་ཁྲོད་དུ་གནས་ཤིང་། སྐོར་ཞིབ་པ་གཡང་གཟར་བའི་རི་ཁུག་ཏུ་རྐང་ཐང་མར་ཆུ་ཚོད་འགའ་བསྐྱོད་ཚེ། གཞི་ནས་གློག་སྒྲོམ་གནས་སར་འབྱོར་གྱི་ཡོད། དེས་ན། ཁོང་ཚོས་ལུས་ལ་ལམ་རྒྱགས་དང་ཆུ་ཁྱེར་ནས་དགུང་ཟས་ཀྱི་ཚབ་བྱེད་ཀྱི་ཡོད། ཆན་ཧྥུའུ་500ཟིན་པའི་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་ནི་རྒྱལ་ཁབ་གློག་ཤུགས་ཀུང་སིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་དམངས་ཕྱུག་བོད་དར་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་དང་དམངས་སེམས་ཀྱི་འདུ་འགོད་ཅིག དཀའ་ཚེགས་ཆེ་བའི་ཁུལ་ལས་ཚད་བརྒལ་དང་། འཚོ་གནས་ཀྱི་མཐའ་ཚད་ལ་འགྲན་སློང་། ས་བབ་ཧ་ཅང་མཐོ་བ་དང་། མཐོ་ཚད་ཧེ་བག་ཆེ་བ། རང་བྱུང་ཆ་རྐྱེན་རྙོག་དྲ་ཆེ་ཤོས། འཛུགས་སྐྲུན་དཀའ་ཚེགས་སྔར་ན་མེད་པ་བཅས་ཀྱི“རིམ་འདས”གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཞིག་རེད། ལས་གྲྭ་དེ་བོད་ལྗོངས་ཀྱི་དབུས་དང་ཆབ་མདོ་གློག་དྲ་དྲ་སྦྲེལ་ལས་གྲྭ་དང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་གློག་མཁོ་འདོན་ལས་གྲྭ་གཉིས་ལས་གྲུབ་པ་རེད། མིག་སྔར། ཧོ་ནན་གློག་སྐྱེལ་གློག་སྒྱུར་འཛུགས་སྐྲུན་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་བོད་དབུས་གློག་དྲ་དྲ་སྦྲེལ་གྱི་འགན་གཙང་ལས་གྲྭ་14དང་15ཡི་ལམ་དུམ་གཉིས་ཀྱི་ཨར་སྐྲུན་ལས་འགན་ཡོངས་སུ་ལེགས་གྲུབ་ཟིན་ནས་འཁོར་སྐྱོད་མ་བྱས་གོང་གི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད། དེའི་རིང་། རྣམ་གྲངས་པུའི་ལས་མིས་ངེས་པར་དུ་རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་ལེགས་པར་སྒྲུབ་དགོས་པ་དང་འབྲེལ། རང་བྱུང་གནོད་འཚེ་སོགས་ཀྱིས་བསྐྲུན་ཟིན་པའི་ལས་གྲྭར་གཏོར་སྐྱོན་མི་ཕོག་པའི་སྔོན་འགོག་བྱེད་དགོས་པ་དང་། ལྷག་དོན་དུ་ནགས་ཚལ་མེ་ཟོན་ལས་དོན་ལེཌ་པར་སྒྲུབ་དགོས་ཀྱི་ཡོད།

    བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭའི་ཨར་སྐྲུན་ལ་ཕྱིར་དྲན་བྱེད་སྐབས། ཀའོ་མིང་གིས་ནང་ས་ནས་བོད་དུ་ལས་ཀ་བྱེད་པར་ཡོང་སྐབས་ས་མཐོའི་ལ་དུག་དང་། འགྲིམ་འགྲུལ་གྱི་གནས་ཚུལ། ཨར་ལས་བགྲོད་ལམ་སོགས་ཀྱི་དཀའ་ངལ་སྣ་ཚོགས་འཕྲད་ཀྱི་འདུག་ཅེས་བརྗོད་པ་དང་། ཀྲུང་དབྱང་གི་ཐུགས་ཁུར་བོད་རིགས་ས་ཁུལ་དུ་ཚོར་ཐུབ་པ་དང་། ཧོ་ནན་གྱི་གློག་སྐྱེལ་གློག་སྒྱུར་བའི་རང་ངོས་ཀྱི་གཟི་བརྗིད་ཆེད་དུ། ཁོ་ཚོས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་ལ་དམ་པོར་བརྟེན་ནས་ཡུལ་བབ་དང་བསྟུན་ཏེ་ཐབས་ཤེས་བཟང་པོ་མང་པོ་བསམ་བློ་བཏང་བ་སྟེ། དཔེར་ན་འབྲེང་ཟམ་རྒྱ་ཁྱབ་ཏུ་སྤྱད་དེ་དབོར་འདྲེན་གྱི་དཀའ་གནད་ཐག་གཅོད་བྱས་པ་དང་། འགྱིག་ཤོག་དྲོད་ཁང་ཆེ་མོ་བསྐྲུན་ནས་སྔོ་ཚལ་བཏབ་སྟེ་འཚོ་བའི་དཀའ་ངལ་ཐག་གཅོད་བྱས་པ་སོགས་རེད། ལོ་གཉིས་དང་ལོ་ཕྱེད་ཀྱི་དཀའ་ཚེགས་ཆེ་བའི་ཨར་ལས་བརྒྱུད་རིམ་ནང་། ཁོ་ཚོས་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭའི“མཐོ་བ་དང་། ཉེན་ཁ་ཆེ་བ། དཀའ་ཚེགས་ཆེ་བ”བཅས་ཀྱི་འགྲན་སློང་སྣ་ཚོགས་ཁྱད་བསད་ཀྱིས་ཏང་འཛུགས་སྐྱོང་འགན་ལེན་དང་། བདེ་འཇགས་སྤུས་ཚད་ལྟ་སྐུལ་ཚོད་འཛིན། ནགས་ཚལ་མེ་ཟོན། ཁོར་ཡུག་དང་ཆུ་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་ལས་གྲྭའི་འཛུགས་སྐྲུན་ལ་ཞུགས་མཁན་ཚན་པའི་སྔོན་དུ་སླེབས་ཡོད།

    ལས་གྲྭའི་ལམ་རྒྱུད་དུ་ནགས་ཚལ་སྟུག་ཅིང་མང་ཆེ་བ་གདོད་མའི་ནགས་ཚལ་ཡིན་པ་མ་ཟད། ཐ་ན་རིམ་པ་དང་པོའི་ནགས་ཚལ་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པས་ནགས་ཚལ་མེ་ཟོན་གྱི་གནོན་ཤུགས་ཧ་ཅང་ཆེ་ལ། ལྟ་སྐུལ་ཚོད་འཛིན་གྱི་དཀའ་ཚེགས་ཆེན་པོ་ཡོད། ཨར་ལས་ཀྱི་བརྒྱུད་རིམ་ནང་། ཧོ་ནན་ཞིང་ཆེན་གློག་སྐྱེལ་གློག་སྒྱུར་ཚད་ཡོད་ཀུང་སིས་འབྱུང་རྩ་ནས་མེ་སྐྱོན་སྔོན་འགོག་ནུས་ལྡན་བྱས་པ་དང་ཆེད་དངུལ་བཏོན་ནས་ནགས་ཚལ་མེ་ཟོན་མི་སྣ་བཀོད་སྒྲིག་བྱས་ཏེ། རི་ལ་མ་འཛེགས་གོང་ལས་མི་ཡོངས་ལ“བདེ་འཇགས་ཞིབ་བཤེར”རྣམ་པའི་མེ་ཟོན་ཞིབ་བཤེར་བྱས་ནས་ནགས་ཚལ་མེ་ཟོན་ལས་དོན་དམིགས་སར་འབྱོར་བའི་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།