[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འཐབ་ས་བཟུང་། ནུས་ཤུགས་ཡོད་རྒུས་རྨང་གཞི་བརྟན་དུ་བཏང་།

    —— ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་9ལྷག་ཙམ་བསྡུ་སྒྲིལ་བྱས་པས། ལྗོངས་ཡོངས་སུ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་སྔོན་ལ་མངོན་འགྱུར་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱིས་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་རང་བཞིན་དང་། ཞབས་ཞུའི་རང་བཞིན། མང་ཚོགས་ཀྱི་རང་བཞིན། སྒོ་དབྱེའི་རང་བཞིན་བཅས་ལ་དམ་པོར་དམིགས་ནས་གཞུང་ལས་ས་ཁོངས་ཆུང་ཤོས་དང་། ཞབས་ཞུ་ཁང་ཆེ་ཤོས། ཞབས་འདེགས་ཀྱི་འཇོན་ཐང་ཆེ་ཤོས་བཅས་མཐའ་འཁྱོངས་དང་། ཚོད་ལྟ་སྔོན་ལ་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་གི་ནུས་པའི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཏང་ཡོན་དང་མང་ཚོགས་ཚོ་སྐྱོད་ཐུབ་པ་དང་། སྐྱོད་འདོད་པ། ཡང་སེ་སྐྱོད་པ་བཅས་ཀྱི་སྐྱོད་ཡུལ་ཡག་པོ་ཞིག་ཏུ་གྱུར་པར་བྱས་ཡོད།

    ནུས་པའི་སྒྲིག་ཆས་ཐད“རྩ་དོན་གཉིས”མཐའ་འཁྱོངས་བྱས་པ།

    གཞུང་ལས་ས་ཁོངས་ཆུང་ཤོས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པ། “ཁང་གཅིག་མང་སྤྱོད་དང་དགོས་མཁོར་ཉེ་བཅར”གྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། གྲོང་ཚོའི(གྲོང་ལྷན)ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིགས་ཁག་གི་གཞུང་ལས་ཁང་གི་ནུས་པ་སྒོ་དབྱེ་རྣམ་པའི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་གཅིག་གྱུར་བསྡུ་སྒྲིལ་བྱེད་པ་དང་ཁ ་གསལ་གཞུང་ལས་བྱས་ཏེ་བར་མཐོངས་སྔར་བས་མང་བ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་སྤྱད་པ་དང་གཞུང་དོན་སྒྲུབ་སྐབས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཡོད།

    ཞབས་འདེགས་ཀྱི་འཇོན་ཐང་ཆེ་ཤོས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པ། ཁོངས་གཏོགས་ཁུལ་གྱི་མི་ཚོགས་ཀྱི་གྲུབ་ཆའི་བཀོད་པ་དང་། རིགས་ཁག་གི་རྩ་འཛུགས་ཀྱི་ཁྱད་ཆོས། མང་ཚོགས་ཀྱི་དགོས་མཁོ་བཅས་དང་ཟུང་འབྲེལ་བྱས་ནས་བྱེད་སྒོ་སྤེལ་ཡུལ་དུ་གྲོང་ཚོའི་ལོ་རྒྱུས་འགྲེམས་ཁང(གཟེངས་བསྟོད་ཁང)དང་། ཇ་ཁང་། དམངས་ཕན་སྒོ་རྩིས་ཚོང་ཁང་། མིག་མངས་རྩེད་ཁང། སྨན་བཅོས་ཁང་། གཟུགས་པོ་འཁྲུ་ཁང་། རྒན་རྒོན་བྱེད་སྒོ་ཁང་། ལན་ཆིའུ་སྤོ་ལོ་ཁང་སོགས་བཙུགས་ནས། ཞབས་ཞུའི་ལས་དོན་ལུགས་མཐུན་བཀོད་སྒྲིག་གིས་ཞབས་འདེགས་ཀྱི་འཇོན་ཐང་ཆེ་རུ་བཏང་ཡོད། ཁྲེང་ཀོན་ཆུས་ཉི་དྲོ་གླིང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་བྱེད་སྒོ་ཁང་དུ་གྲོང་མིའི་རོལ་རྩེད་བྱེད་སྒོ་ཁང་དང་། བུད་མེད་ལག་ཤེས་ལས་དོན་ཁང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་ཁང་། དཔེ་མཛོད་ཁང་། ཞབས་བྲོ་ནང་སྦྱོང་ཁང་། གཞིས་ལུས་བྱིས་པའི་གཅེས་སྐྱོང་ཁང་བཅས་བཙུགས་ཏེ་ལེ་ལག་ཚང་བའི་སྒྲིག་ཆས་བཀོད་སྒྲིག་བྱས་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ནུས་ལྡན་ཞུ་ཐུབ་ཡོད།

    གཡུལ་ས་བེད་སྤྱོད་ཐད“ཁྱད་ཆོས་བཞི”འབུར་དུ་ཐོན་པ།

    ཆབ་སྲིད་ཀྱི་རང་བཞིན་འབུར་དུ་ཐོན་པ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། སེམས་ནང་གི་སྐད་ཆ་གླེང་བ། ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་སོགས་ཀྱི་གཞི་རྩའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། ཏང་གི་དྲིན་ཚོར་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅས་རྒྱ་ཁྱབ་ངང་སྤེལ་ནས་ཏང་ཡོན་གྱི་ཏང་གཤིས་འདུ་ཤེས་ཟབ་ཏུ་བཏང་བ་དང་། ཞིང་འབྲོག་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་སྣེ་ཁྲིད་བྱས་པ། གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་ཆབ་སྲིད་ལ་ཁྲིད་སྟོན་དང་། མི་སེམས་གཅིག་སྒྲིལ། མི་རིགས་མཐུན་སྒྲིལ་བཅས་ཀྱི་གཡུལ་ས་གཙོ་བོར་བསྐྲུན་ཡོད། སྙེ་མོ་རྫོང་ཕུ་གསུམ་གྲོང་ཚོ་དང་རུ་དཔོད་གྲོང་ཚོས་བྱེད་སྒོ་སྤེལ་ཡུལ་གྱི་མངོན་གསལ་དོད་པའི་གནས་སུ་གཙོ་འཛིན་གྱི་སྐུ་པར་བཀལ་བ་དང་ཐོག་ཁང་དང་བྱེད་ནུས་ཁང་ཁག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་གསུང་བཏུས་བཀལ་ཏེ་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་སེམས་ལ་བརྟན་པོར་ངེས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ཞབས་ཞུའི་རང་བཞིན་འབུར་དུ་ཐོན་པ། དམངས་ཕན་ཞབས་ཞུའི་ཚོམས་ཆེན་དང་རིག་གནས་བྱེད་སྒོའི་ཐང་ཆེན་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོར་གཞི་ཚུགས་པ་དང་རིགས་ཁག་གི་ཞབས་ཞུའི་ཐོན་ཁུངས་གཤམ་སྤེལ་ལ་སྐུལ་འདེད་བཏང་ནས་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་དང་། དམངས་དོན་ཚབ་གཉེར། དངུལ་རྩ། སྦྲག་སྲིད་ས་ཚིགས་སོགས་ཀྱི་གཞུང་ལས་ས་ཚིགས་བསྡུ་སྒྲིལ་བྱས་ནས་དེའི་ནང་བཅུག་པ་དང་དམངས་ཕན་ཞབས་ཞུ་ཁག་མཁོ་འདོན་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་བ་རེད།

    མང་ཚོགས་ཀྱི་རང་བཞིན་འབུར་དུ་ཐོན་པ། གྲོང་ཚོ་རིམ་པའི་གནད་དོན་གལ་ཆེན་ཐད“དོན་རེར་གྲོས་རེ”སོགས་དམངས་གཙོ་ཇུས་འགོད་གྲོས་བསྡུར་ལམ་ལུགས་དང་གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་བཏང་བ་དང་། བྱེད་སྒོ་ཁང་བེད་སྤྱད་དེ་དུས་བཀག་ལྟར་གྲོང་མིའི་ཚོགས་ཆེན་དང་། གྲོང་མིའི་འཐུས་མིའི་ཚོགས་འདུ། དམངས་གཙོ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཚོགས་འདུ། ཚོགས་འདུ་གཞན་དག་བཅས་འཚོགས་པ་དང་ཏང་དོན་དང་། གྲོང་དོན། ནོར་དོན་བཅས་ཡོངས་བསྒྲགས་བྱས་ནས། གྲོང་ཚོ་རིམ་པའི་ལས་དོན་ལ་དམངས་གཙོའི་ཐབས་ཇུས་དང་། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་བཅོས་སྐྱོང་འཇོན་ཐང་དང་ཆུ་ཚད་གོང་མཐོར་བཏང་བ་རེད།

    སྒོ་དབྱེའི་རང་བཞིན་འབུར་དུ་ཐོན་པ། ཞིང་པའི་དཔེ་དེབ་ཁང་དང་། ཕྱོགས་བསྡུས་བྱེད་སྒོ་ཁང་། རིག་གནས་བྱེད་སྒོའི་ཐང་ཆེན་སོགས་རང་འགུལ་ངང་སྒོ་ཕྱེ་སྟེ་རིག་རྩལ་འཁྲབ་སྟོན་དང་ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་བཏང་ཡོད། སྟོད་ལུང་བདེ་ཆེན་ཆུས་ཀྱིས“ཞིང་དལ་གྱི་བྱེད་སྒོ་བཅུའི”རིག་གནས་བྱེད་སྒོ་སྤེལ་བ་དང་འདི་ལོའི་ཟླ་3པའི་བར་ཆུས་དེས་རིགས་ཁག་གི་རིག་གནས་ཞབས་ཞུའི་བྱེད་སྒོ་227སྤེལ་བ་དང་ཞིང་འབྲོག་པ་ཏང་ཡོན་དང་མང་ཚོགས་མི་ཐེངས་52000ལྷག་ཙམ་ལ་ཕན་པ་ཐོབ་ནས་ཏང་ཡོན་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།

    ཕྱི་ནང་གི་བཀོད་སྒྲིག་ཐད“གཅིག་གྱུར་གསུམ”མངོན་འགྱུར་བྱུང་བ།

    མཚོན་རྟགས་དང་བྱང་བུ་གཅིག་གྱུར་ཡོང་བ་བྱས་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་གི་མཚོན་རྟགས་དང་བྱང་བུའི་རྒྱུ་ཆ་དང་ཆེ་ཆུང་། ཡིག་གཟུགས། དེ་བཞིན་འགེལ་ཡུལ་བཅས་ཚང་མ་གཅིག་གྱུར་བྱུང་ཡོད། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་གི་མངོན་ཆེ་སར“གྲོང་ཚོའི(སྡེ་ཁུལ)ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས”དང“ཀྲུང་གོའི་སྡེ་ཁུལ”གྱི་མིང་བྱང་བཀལ་ཡོད།

    དྲིལ་བསྒྲགས་སྒྲོམ་གཅིག་གྱུར་འཆར་འགོད་བྱས་པ། དྲིལ་བསྒྲགས་ཀྱི“བརྗོད་དོན་གཙོ་བོ”གདམ་གསེས་དང་དྲིལ་བསྒྲགས་ཀྱི“བརྗོད་དོན་ཆུང་ངུ”ཞིབ་ཚགས་སུ་བཏང་སྟེ་ཡོངས་བསྒྲགས་ཀྱི་ནང་དོན་ཚད་ལྡན་ཅན་དུ་བཏང་བ་དང་། གྲོང་ཚོའི(སྡེ་ཁུལ)གནས་ཚུལ་དང་། འཕེལ་རྒྱས་འཆར་འགོད། ཏང་རྩ་འཛུགས་ཀྱི་གནས་ཚུལ། ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་གནས་ཚུལ། ཏང་དོན་དང་གྲོང་དོན་ནོར་དོན་བཅས་ཀྱི་གནས་ཚུལ། དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་ནང་དོན་ཚད་ལྡན་ཡོང་བར་བྱས་པར་བརྟེན་མིག་སྔའི་ལས་དོན་གྱི་རྣམ་པ་མངོན་པ་མ་ཟད་དུས་ཐོག་ཏུ་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་ལན་བཏབ་ཐུབ་པ་བྱུང་ཡོད།

    དམངས་ཕན་ཞབས་ཞུའི་ཚོམས་ཆེན་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་པ། ཚོམས་ཆེན་གྱི་ཞབས་ཞུའི་ནུས་པ་དོན་དངོས་དང་མཐུན་པ་དང་། ཞབས་ཞུའི་ནང་དོན་དང་། ལས་སྒྲུབ་བརྒྱུད་རིམ། ལས་ཀའི་དུས་ཚོད། འབྲེལ་གཏུག་ཁ་པར་སོགས་ཡོངས་བསྒྲགས་བྱས་ཏེ། སྲིད་ཇུས་ཀྱི་བློ་འདྲི་དང་། ཐེམ་ཐོ་སྒྱུར་བའི་བརྒྱུད་རིམ། ཞིབ་མཆན་ཚབ་གཉེར། སྨན་བཅོས་འགན་བཅོལ་དང་རྩིས་ཞུ། ཡིད་རྟོན་དངུལ་བུན། སྦྲག་སྲིད་འཕྲིན་གཏོང་། རིན་མེད་WIFIསོགས་ཀྱི་ཞབས་འདེགས་ཞུ་གི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།