[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གྲོང་སྡོད་ལས་བྱེད་པས་མང་ཚོགས་དང་འབྲེལ་འདྲིས་བྱས་ནས་མི་ཤུགས་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཚེ་སྒྲོལ།    |    སྤེལ་དུས།   2018-10-12

    ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་སྤེལ་བ་ལས་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཁག་གཞི་རིམ་དུ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐབས་ལམ་ཇེ་ཡངས་སུ་ཕྱིན་པ་དང་། གྲོང་གསེབ་བཅོས་སྒྲིག་གི་མ་ལག་གསར་གཏོད་ཀྱི་ལམ་བུ་ཇེ་ཡངས་སུ་ཕྱིན་པ། གནད་སྨིན་དབུལ་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ཡང་དག་ཐབས་ལམ་བཙལ་འཚོལ་ཐུབ་པ། མི་རིགས་ཁག་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུར་ལས་དབང་གཅིག་མཐུན་འདུས་གྲུབ་བརྟན་པོ་བསྐྲུན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་ཡག་པོ་གསོ་སྐྱོང་། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྩ་བའི་རྨང་གཞི་བརྟན་པོ་བཏིང་ཐུབ་པ་བཅས་བྱུང་ཡོད། སྨྱུག་འཛིན་པས་གྲོང་སྡོད་ལས་ལས་དོན་རུ་ཁག་གིས་གྲོང་སྡོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སེམས་ཁྲལ་སེལ་རོགས་བྱས་ནས་མང་ཚོགས་དང་འབྲེལ་འདྲིས་ཀྱིས་མི་ཤུགས་གཅིག་སྒྲིལ་བྱ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད།

    རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དམངས་འཚོར་དོ་ཁུར་དང་དམངས་འཚོ་ལེགས་གཏོང་གིས་མི་སེར་གྱི་འབོད་སྒྲ་དང་རེ་ཞུ་ཉན་པ་དང་མི་སེར་གྱི་སྐད་ཆ་ཉན་མཁན་དང་ལག་བསྟར་བྱེད་མཁན་ཞིག་བྱས་ཏེ། མི་སེར་གྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་དགོས། དམངས་བརྩེ་དམངས་གཅེས་དང་དམངས་འཚོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན། རེ་བ་ཆེ་ཤོས་བཅས་བསྒྲུབ་རྒྱུ་ནས་འགོ་བཙུགས་ཏེ་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་དང་དམངས་ཀྱི་སེམས་ཁྲལ་སེལ་བའི་དོན་དངོས་མང་ཙམ་བསྒྲུབ་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས།

    རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ཏེ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་ལས་འགན་ཨང་དང་པོ་དང་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།

    མིག་དཔེའི་སྟོབས་ཤུགས་དང་དཔེ་མཚོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལྟ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། མངོན་བཤེར་དང་ལྐོག་འདྲི་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྐོར་སྐྱོད་ཞིབ་བཤེར་ལམ་ལུགས་བཙུགས་ནས་དུས་དང་རྣམ་པ་ཀུན་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་གནད་དོན་ཤེས་རྟོགས་ཐུབ་པ་དང་། གནད་དོན་ཐག་གཅོད། ཉམས་མྱོང་ཕྱོགས་སྡོམ། ཉམས་མྱོང་ཁྱབ་གདལ་བཅས་བྱས་ནས་བྱེད་སྒོ་དེ་ཕྱི་ཚུལ་ཙམ་དུ་མི་འགྲོ་བ་དང་དངོས་ཕན་ཐོབ་པ་བྱེད་དགོས།

    སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་རྒྱུར་དོན་སྙིང་གལ་ཆེན་ལྡན་པས་གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་པའི་ལས་འགན་ནི་གཟི་བརྗིད་དང་ལྡན་པ་ཞིག་རེད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་ངེས་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་གཞིགས་ནས་བསམ་བློ་གཅིག་གྱུར་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ། གསར་འབྱེད་ཡར་བརྩོན། ལས་དོན་ཏན་ཏིག་བསྒྲུབ་པ་བཅས་བྱས་ནས་མི་སེར་ལ་ཐུགས་ཁུར་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་མཐའ་འཁྱོངས་བྱས་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།