[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-16

    ཚེས་14ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུ་འཚོགས་ཏེ་ཟླ་10ཚེས་13ཉིན་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཡོད། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ལ་སེམས་ཁྲལ་གྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། ཁྱིམ་སྲུང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོས་ཉིད་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ལ་དམ་འཛིན་ནན་པོ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ཉེ་དུས་དང་ལྷག་པར་དུ་རྒྱལ་སྟོན་གྱི་གུང་གསེང་རིང་གྲོང་ཁྱེར་དང་ས་ཁུལ་ཁག་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ།བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བཅས་བྱས་པས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་དུས་བདེ་འཆམ་མཐུན་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་ཡག་པོ་རྒྱུན་འཁྱོངས་ཐུབ་ནས་ལོ་ཧྲིལ་པོའི་བརྟན་ལྷིང་དམིགས་ཚད་མངོན་འགྱུར་ཐུབ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས།

    ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ལ་གནས་ཚུལ་མི་ཐོན་པ་མཐའ་ཚད་དང་མཐའ་མའི་དམིགས་ཚད་དུ་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་དགོས་པ་སྟེ།

    གཅིག་ནས་སྤྱི་ཚོགས་ཡོངས་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སྤྱི་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་དང་གཙོ་གནད་མངོན་གསལ་དོད་པོ་མཐའ་འཁྱོངས། ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་བདེ་འཇགས་འགོག་སྲུང་དྲ་བ་དམ་ཟབ་ཅིག་ཆགས་པར་བྱས་ནས་སྲུབ་ཁ་མི་ལུས་པ་དང་སྟོང་ཆ་མི་ལུས་པའི་འགན་ལེན་བྱེད་དགོས། “ཆེད་དོན་གསུམ”གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་རྒྱུན་མཐུད་ཤུགས་འདོན་དང་ཟིལ་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་བློ་བདེ་པོ་ཡོང་བར་བྱེད་དགོས།

    གཉིས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དགོན་སྡེ་དོ་དམ་ཐད་ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་དོ་དམ་འགན་འཁྲི་དོན་འཁྱོལ་ནན་པོ་དང་དགོན་སྡེ་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་དང་ལྷག་པར་དུ“ཚད་གཞི་བཞིའི”བླང་བྱ་དང་མཐུན་པའི་གྲྭ་བཙུན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། དྲང་ཕྱོགས་སློབ་གསོ་གསེད་བཀྲོལ་གྱིས་གཙོ་བོ་བྱེད་པར་མཐའ་འཁྱོངས་ཀྱིས་གྲྭ་བཙུན་གྱི་བསམ་བློ་ཆབ་སྲིད་དང་། ཁྲིམས་ལུགས་དྲིལ་བསྒྲགས། མི་རིགས་མཐུན་སྒྲིལ། དགོན་སྡེའི་སྒྲིག་སྲོལ་དང་སྡོམ་ཁྲིམས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

    གསུམ་ནས་དྲ་རྒྱའི་གླེང་ཕྱོགས་ལ་དོ་དམ་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས“དོ་དམ་ཐུབ་པ་ནི་འགྱུར་མེད་ཀྱི་གནས་ལུགས་ཡིན་པ་དང་དྲང་ནུས་ནི་སྤྱིའི་བླང་བྱ་ཡིན་པའི”བླང་བྱར་གཞིགས་ཏེ་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་འགན་ལེན་གྱི་ནང་དོན་གལ་ཆེན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་རྩལ་གལ་ཆེན་དུ་བྱས་ཐོག་དྲ་ཐོག་གི་འགུལ་རྣམ་ལ་སྐོར་ཞིབ་ལྟ་འདོམས་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས་གླེང་ཕྱོགས་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས།

    བཞི་ནས་འགལ་ཟླ་དང་འགལ་བ་གྲལ་བཤེར་དང་སེལ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགལ་ཟླ་དང་འགལ་བའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་སེལ་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཕྱོགས་ཡོངས་ནས་གྲལ་བཤེར་དང་གསེད་བཀྲོལ་བྱས་ཏེ་ཐོན་ལ་ཉེ་བའི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་རང་འགུལ་ངང་སེལ་བ་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགལ་ཟླ་དང་གནད་དོན་སྣ་ཚོགས་ཐོན་མ་ཐག་ཏུ་སེལ་དགོས།

    ལྔ་ནས་སྤྱི་པའི་བདེ་འཇགས་དོ་དམ་ལ་དམ་འཛིན་ནན་པོ་བྱེད་དགོས། སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། མངོན་གསལ་དོད་པའི་བདེ་འཇགས་གནད་དོན་གྲལ་བཤེར་དང་བཅོས་སྒྲིག བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་དང་རང་བྱུང་གནོད་འཚེ་སོགས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་ནན་འགོག་བྱེད་དགོས།

    དྲུག་ནས་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་འཇོན་ཐང་དང་། བཟོ་པ་དང་། གཞོན་ནུ་ལོ་ཆུང་། བུད་མེད་བཅས་རྩ་འཛུགས་དང་། གྲོང་སྡོད་དང་དགོན་སྡོད་ལས་དོན་མི་སྣ། སྔོན་ཐོན“གཉིས་ལྡན་དུད་སྦྲེལ”བཅས་ཀྱི་སྣེ་ཁྲིད་དང་གོང་བུ་སྒྲིལ་ནུས། ཏང་ཡོན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་བཅས་འདོན་སྤེལ་ཡག་པོ་བྱས་ནས་མང་ཚོགས་ཀྱིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བརྩོན་ལེན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།