[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་པ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-16

    ཟླ་10ཚེས་9ཉིན་ནས་ཟླ་10ཚེས་13ཉིན་བར་ལྗོངས་ཡོངས་ཀྱི་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་པ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་གཉེར་བ་རེད། དེའི་དམིགས་ཡུལ་ནི་ད་ཐེངས་ཀྱི་གསོ་སྦྱོང་དེ་བརྒྱུད་ཏང་ཡོན་གྱི་ཆབ་སྲིད་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཏང་ཡོན་གྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ཏང་ཡོན་དཔུང་ཁག་གི་སྤྱིའི་བྱང་ཚད་མཐོ་རུ་གཏོང་ཆེད་རེད།

    ད་ཐེངས་གསོ་སྦྱོང་འཛིན་གྲྭས་ཆེད་དོན་སྙན་ཞུ་དང་། ཆེད་དོན་ཟུར་ཁྲིད། ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་སོགས་ཀྱི་བྱེད་ཐབས་སྤྱད་ནས་སློབ་སྦྱོང་བྱས་ཤིང་། ཏང་གི་སློབ་གྲྭའི་དགེ་རྒན་དང་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་ཀྱིས《ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ་བཅས་བྱས་ཏེ“སྲུང་སྐྱོང་གཉིས”ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ》དང་། 《གུང་ཁྲན་ཏང་ཡོན་གྱིས་ངེས་པར་དུ་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སྒྲིག་ཁྲིམས་ཀྱི་བླང་བྱ》 《མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”བརྟན་པོ་འཛུགས་པ》 《གུང་ཁྲན་ཏང་མིས་ཆོས་ལ་དད་པ་བྱེད་མི་ཆོག་པའི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་འགན་འཁྲི》སོགས་ཀྱི་ཐད་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་ནང་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་སློབ་མ་སྒྲིག་འཛུགས་བྱས་ཏེ་སྙིང་གཏམ་ཤོད་རེས་དང་རྩ་འཛུགས་འཚོ་བའི་ཚོགས་འདུ་འཚོགས་པ་རེད།

    ཉིན་ཤས་སློབ་སྦྱོང་བྱས་པ་བརྒྱུད། གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ངང་ད་ཐེངས་གསོ་སྦྱོང་གི་དུས་ཚོད་ཐུང་ཡང་ནང་དོན་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་ཆེན་པོ་ཐོབ་བྱུང་། ངེས་པར་དུ་སྦྱངས་པའི་ཉམས་མྱོང་དང་བྱེད་ཐབས་བཟང་པོར་བརྟེན་ནས་རང་གནས་སའི་ས་གནས་དང་སྡེ་ཚན་གྱི་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པ་དང་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་ལས་དོན་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བཤད། ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ལས་དོན་ཨུ་ཡོན་ལེའུ་ཡེ་ཧུའེ་ཡིས་ད་ཐེངས་ཀྱི་གསོ་སྦྱོང་ལ་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་རྩ་འཛུགས་པུའུ་ཀྲང་། ལྗོངས(ཀྲུང་དབྱང)ཐད་གཏོགས་ཀྱི་ཚན་པ་ཁག་དང་ལས་ཁུངས་ཁག་གི་ཏང་ཨུད་ཀྱི་ཧྲུའུ་ཅི། མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུང་ཀྲང་སོགས་ཁྱོན་མི་121ཞུགས་ཡོད་ཅེས་བཤད།

    ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་མཇུག་འགྲིལ་རྗེས་ང་ཚོས་མུ་མཐུད་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་མཉམ་དུ་དུས་ཐེངས་བདུན་གྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པའི་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་འགན་འཁུར་བའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་དང་རྫོང་གི་ཏང་གི་སློབ་གྲྭའི་རྐང་འཛིན་དགེ་རྒན། རྫོང་ཨུད་ཀྱི་ཧྲུའུ་ཅི་དང་ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་སོགས་མི་1000ལྷག་ཙམ་ལ་གསོ་སྦྱོང་བྱ་རྒྱུ་ཡིན། གྲོང་ཁྱེར་དང་ས་ཁུལ་ཁག་དང་ཚན་པ་ཁག་གིས་ཀྱང་གཅིག་སྡུད་སློབ་གསོའི་གསོ་སྦྱོང་དང་རྒྱུན་གཏན་སློབ་གསོའི་གསོ་སྦྱོང་ཟུང་འབྲེལ་བྱས་ནས་ཏང་ཡོན་ཁྲི་36ཚང་མར་རེ་སྐོར་གསོ་སྦྱོང་ཐེངས་རེ་བྱ་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།