[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཝུའུ་དབྱིང་ཅེས་ཧྲའན་ཤིས་སུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་སློབ་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ།

    ​ བློ་བཟང་རྒྱལ་མཚན་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-16

    558185_yis_1539578669697.jpg

    ཟླ་10ཚེས་14ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཧྲའན་ཤིས་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་དུ་ཕེབས་ནས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་སློབ་གྲྭའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་ཏེ་ཚང་མ་དང་བོད་ཀྱི་འཕོ་འགྱུར་སྐོར་གླེང་བ་དང་། བརྗེད་པར་དཀའ་བའི་ལོ་ཟླར་ཕྱིར་དྲན། འབྱུང་འགྱུར་ལ་རྒྱང་ལྟ་བཅས་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུ་མ་འཚོག་གོང་དགེ་རྒན་གྱི་འཐུས་མི་རེ་རེ་བཞིན་དང་ཕྱག་བཏང་ནས་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

    འབྲས་ལྡན་དུས་ཀྱི་ཟླ་བཅུ་པར། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྲོ་སེམས་འཁོལ་བའི་ངང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་བསུ་བ་ཞུ་བའི་གལ་ཆེའི་དུས་སུ། ཚེས་14ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཧྲའན་ཤིས་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་དུ་ཕེབས་ནས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་སློབ་གྲྭའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་ཏེ་ཚང་མ་དང་ལྷན་དུ་བོད་ཀྱི་འཕོ་འགྱུར་སྐོར་གླེང་བ་དང་། དཀའ་ཚེགས་ཀྱི་ལོ་ཟླར་ཕྱིར་དྲན། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བཅས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཕེབས་ནས་རྟོག་ཞིབ་དང་འབྲེལ་དགེ་སློབ་ཚོ་དང་བཞུགས་མོལ་གནང་བ་དང་། སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་དགེ་རྒན་ལ་འཕྲིན་ལན་སྤྲིངས་པ། ཚོགས་འདུ་གལ་ཆེན་རབ་དང་རིམ་པ་གཙོ་སྐྱོང་གནང་ནས་སློབ་གསོའི་ལས་དོན་ལ་ཞིབ་འཇུག་གིས་གསུང་བཤད་དང་། མཛུབ་སྟོན། མཆན་འགོད་མཛུབ་སྟོན་བཅས་གལ་ཆེན་རབ་དང་རིམ་པ་དང་དེ་བཞིན་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། ལྟ་བ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་བཅས་ལས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་པོ་ཞིག་གྲུབ་ཡོད། དེ་ནི་ང་ཚོས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཞིག་རེད། ང་ཚོས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་བཅས་ཀྱི་སྒོ་ནས་འབད་འབུངས་སྟོབས་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་ལ་དྲིན་ལན་ངེས་པར་དུ་འཇལ་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ཚུན་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བགྲང་བྱ་དྲུག་ཅུའི་དཀའ་ཚེགས་ཀྱི་བརྒྱུད་རིམ་དང་ལོ་དྲུག་ཅུའི་རིང་ས་ཕྱོགས་གང་སར་ཁྱབ་པའི་སློབ་མ་མང་པོ་གསོ་སྐྱོང་བྱས་ཡོད། ལོ་དྲུག་ཅུའི་རིང་། བོད་ལྗོངས་མི་རིགས་སློབ་ཆེན་འདི་ཉིད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་དང་དམ་པོར་སྦྲེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡར་རྒྱས་གོང་འཕེལ་འགྲོ་བའི་རླབས་ཆེན་བརྒྱུད་རིམ་ཁྲོད་སུབ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད། གྲུབ་འབྲས་དེ་དག་ཐོབ་པར་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་དང་ཁ་འབྲལ་ཐབས་མེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཀྱི་མཛུབ་ཁྲིད་ནུས་ལྡན་དང་ཁ་འབྲལ་ཐབས་མེད་པ། ཧྲའན་ཤིས་ཞིང་ཆེན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད་པ། ཀྲུང་གོ་མི་དམངས་སློབ་ཆེན་སོགས་མཐོ་སློབ་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ།བོད་ལྗོངས་མི་རིགས་སློབ་ཆེན་གྱི་མི་རབས་ནས་མི་རབས་བར་གྱི་དགེ་སློབ་དང་ལས་བཟོ་ཚོའི་དཀའ་སྤྱད་འབད་བརྩོན་དང་འབད་འཐབ་ལྷོད་མེད་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་བོད་ནི་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་འགོར་ཤོས་དང་། ཕྱི་རོལ་གྱི་ཆ་རྐྱེན་ཞན་ཤོས། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་ཤོས། ངལ་རྩོལ་ནུས་ཤུགས་ལ་སློབ་གསོ་ཐོབ་ཚད་དམའ་ཤོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཞན་ཤོས། ཆོས་ལུགས་ཀྱི་རྣམ་པ་ཟབ་ཤོས། ས་སྲུང་མཐའ་སྲུང་གི་ལས་འགན་ལྕི་ཤོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་རྣོ་ངར་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་ཡིན་ལ། ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཆེ་ཤོས་དང་། རྒྱལ་ཁབ་པུའུ་ཨུད་ཀྱིས་གནད་དོན་ཐག་གཅོད་བྱེད་རོགས་བྱེད་མང་ཤོས། རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་རེད། དུས་རབས་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ་བཅས་ཀྱི་མདུན་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྔོན་ཐོན་ལ་ལྟ་བ་དང་། དམིགས་ཚད་སྔར་བས་མཐོ་བར་བསྡིགས་ནས་བླ་ན་མེད་པའི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཏེ་སློབ་གྲྭ་ཡོངས་ཀྱི་མི་རིགས་ཁག་གི་དགེ་སློབ་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་། དྲང་ནུས་གཅིག་ཏུ་འགྲིལ་བ། བསམ་བློ་སྔར་བས་བཅིངས་འགྲོལ། སྔར་བས་དངོས་འཛིན་དངོས་སྒྲུབ། ནུས་ཤུགས་ཡོད་རྒུས་རྗེས་བསྙེགས། སློབ་གཉེར་ཆུ་ཚད་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ནས་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། སྣོད་བཅུད་སྲུང་སྐྱོང་བཅས་ལ་ཞབས་འདེགས་ཞུ་མཁན་གྱི་ཚད་ལོན་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གཅིག་ནས་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་དགོས། རྒྱ་ཆེའི་དགེ་སློབ་ཚོས“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས“སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་དུ་བྱུང་བའི་འགྱུར་ལྡོག་ཆེན་པོར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པའི་རླབས་ཆེན་མཛད་རྗེས་དང་། མཁས་མཛངས་ལྡན་པའི་རྣམ་དཔྱོད་རྒྱས་བཤད་བྱས་ཏེ་སློབ་མ་ཚོར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་སློབ་གསོ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་སྲོག་ཤིང་གི་གནས་བབ་མི་རིགས་ཁག་གི་དགེ་སློབ་ཚོའི་སེམས་སུ་གཏིང་ཟབ་ཟུག་པ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་དགེ་སློབ་ཚོའི་ཁྲག་རྒྱུན་ནང་འདྲེས་ཐུབ་པ་བྱེད་དགོས།

    གཉིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། ཏང་གིས་སློབ་གསོའི་ལས་དོན་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་དང་སློབ་གསོས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་རྒྱ་ཆེའི་སློབ་མ་ཚོར་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་སློབ་མའི་ཁྲག་རྒྱུན་ནང་གཏིང་འདྲེས་ཐུབ་པ་བྱེད་དགོས།

    གསུམ་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་བ་ཟབ་ཏུ་གཏོང་རྒྱུར་འབད་པ་ལྷོད་མེད་བྱེད་པ། བསམ་བློ་ཀུན་སྤྱོད་ཀྱི་བློ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་མཁན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆེད་ཚེ་གང་འབད་འཐབ་བྱེད་སེམས་ཡོད་མཁན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་འཚམ་པའི་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་མི་རབས་ནས་མི་རབས་བར་གསོ་སྐྱོང་བྱེད་དགོས།

    བཞི་ནས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་དམིགས་སའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། “མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་དེ་མཐོ་སློབ་ཀྱིས་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པའི་རྩ་བའི་གནད་དོན་དང་འབྲེལ་བ་ཡོད་པར”དམ་པོར་དམིགས་ནས་སློབ་ཁང་ནང་སློབ་ཁྲིད་བྱེད་པའི་ཐབས་ལམ་གཙོ་བོར་བརྟེན་ནས་གཞི་རྩའི་རྩ་བའི་རིགས་པ་དེ་གསོན་ཉམས་ལྡན་པའི་གནས་ལུགས་ཤིག་ཏུ་འགྱུར་བར་བྱེད་དགོས་པ་དང་། དྲ་རྒྱའི་སྨྱན་སྦྱོར་གསར་པ་དང་ལག་རྩལ་གསར་པ་བེད་ཡག་པོ་སྤྱད་དེ་དྲ་ཐོག་གི་སྐད་སྒྲ་ཡག་པོ་འདོན་པ་དང་དྲ་ཐོག་གི་དྲང་ནུས་བརྒྱུད་སྤེལ་བྱེད་དགོས། ཕུལ་བྱུང་གི་སློབ་གྲྭའི་རིག་གནས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་སློབ་གྲྭའི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་བ་དང་ཡང་སྒོས་སུ་མཐོ་སློབ་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཡང་དག་པའི་ཆོས་ལུགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དེ་བསམ་བློ་ཆབ་སྲིད་ལས་དོན་གྱི་ནང་དོན་གལ་ཆེར་བརྩིས་ནས་རྒྱ་ཆེའི་སློབ་གྲྭ་ཆེ་མོ་བས་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་རང་རྟོགས་ངང་བཀག་སྟེ། རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཁྱིམ་ཚང་གི་ཁོངས་མི་དང་ཉེ་འགྲམ་གྱི་མིར་ཡ་རབས་ཤེས་དཔལ་ལྡན་པའི་དེང་རབས་ཀྱི་བདེ་སྐྱིད་འཚོ་བ་དོན་གཉེར་བྱ་རྒྱུའི་སློབ་གསོ་གཏོང་དགོས།

    ལྔ་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་རྒན་དཔུང་ཁག་གི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་རྒྱ་ཆེའི་དགེ་རྒན་གྱིས་སློབ་གསོ་དང་མི་སྐྱོང་གཅིག་གྱུར་དང་། ངག་སློབ་དང་དཔེ་སྟོན་གཅིག་གྱུར། ཤེས་བྱར་སྦྱངས་བརྩོན་དང་སྤྱི་ཚོགས་ལ་དོ་ཁུར་བྱ་རྒྱུ་གཅིག་གྱུར། རིག་གཞུང་བགྲོ་གླེང་རང་དབང་དང་རིག་གཞུང་ཞིབ་འཇུག་ཚད་ལྡན་གཅིག་གྱུར་བཅས་ཡོང་བའི་སློབ་གསོ་ཁྲིད་སྟོན་བྱས་ནས་ཀུན་སྤྱོད་ལ་བརྟེན་ནས་རང་ཚུགས་དང་། སློབ་བཙུགས། སློབ་གཉེར་བཅས་ཐུབ་པ་བྱེད་དགོས།

    དྲུག་ནས་མཐོ་སློབ་ཀྱི་སློབ་གསོ་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སློབ་གསོ་ཕྱི་ཕྱོགས་ལ་སྒོ་མོ་རྒྱ་ཆེར་འབྱེད་པ་དང་ཆབས་ཅིག སློབ་མར་ལས་ཞུགས་ཀྱི་འདུ་ཤེས་འགྱུར་རྒྱུར་ཁྲིད་སྟོན་བྱེད་པའི་འགན་འཁྲི་འཁུར་ནས་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་མཐོ་སློབ་ཀྱི་སློབ་ཐོན་སློབ་མར་རང་རྟོགས་ངང་ཁྲོམ་ར་བརྒྱུད་ལས་ཞུགས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།

    བདུན་ནས་ཏང་གིས་མཐོ་སློབ་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་འཛུགས་སྐྱོང་གི་ལས་དོན་དེ་སློབ་གཉེར་སློབ་སྐྱོང་གི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དུས་རབས་གསར་པར་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སློབ་གྲྭ་ཁག་གི་ཏང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གཉེར་ཡག་པོ་བྱ་རྒྱུར་རྩ་བའི་འགན་ལེན་ཐུབ་པ་བྱེད་དགོས།

    བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་དང་བཞུགས་མོལ་གནང་རིང་། ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་སོགས་ཀྱིས་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རེ་རེ་བཞིན་ལ་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་ཁོང་ཚོར་མཇལ་དར་བསྒྲོན་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ལས་བྱེད་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། དེ་བཞིན་གཉེན་ཉེ་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་གྱི་འཐུས་མི་དང་། ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།