[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཕྱུག་འགྱུར་རོལ་དབྱངས”དེ་བས་སྙན་འཇེབས་ལྡན།

    འདམ་གཞུང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-27

    2015ལོ་ནས་2017ལོའི་བར། འདམ་གཞུང་རྫོང་དུ་དུད་ཚང་1847གྱི་མི་8240ཡི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཁབ་ཀྱི་དབུལ་པོའི་ཚད་གཞི་ལས་བརྒལ་བ་དང་། རྫོང་ཡོངས་ཀྱི་དབུལ་པོར་འགྱུར་ཚད་3%མན་བར་ཆག་ཅིང་། མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་90%ལས་མཐོ་བ་དང་འབྲེལ་2017ལོའི་ལོ་མཇུག་ཏུ་དབུལ་སྒྲོལ་ཐུབ་པ་རེད།

    ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་འགག་སྒྲོལ་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བྱས་པ།

    ཉེ་བའི་ལོ་ཤས་རིང་འདམ་གཞུང་རྫོང་གིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་སློབ་གསོ་གསོ་སྦྱོང་ཧུར་ཐག་བྱས་པ་དང་། གནད་སྨིན་དབུལ་སྐྱོར་དང་་ཞིང་འབྲེལ་སྲིད་ཇུས། ཏང་སྲོལ་སྲིད་གཙང་སོགས་ནང་དོན་ལ་དམིགས་ཏེ་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་མི་ཐེངས་ཁྲི་1.2ལྷག་ཙམ་གསོ་སྦྱོང་བྱས་པ་བརྒྱུད། དབུལ་སྐྱོར་ལས་དོན་ཁྲོད་ཀྱི་གཞི་རིམ་ལས་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་གཞི་ལེགས་སུ་བཏང་སྟེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྐྱོར་གྱི“བཀོད་འདོམས་པུའུ”བརྟན་པོ་བཙུགས་པ་དང་། ཤང(གྲོང་རྡལ)གི་འགན་ནུས་ལེགས་སུ་གཏོང་བ་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་མ་ལག་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། ཤང(གྲོང་རྡལ)གི་དོ་དམ་དང་ཞབས་ཞུ་གྲོང་ཚོར(གྲོང་ལྷན)ནུས་ལྡན་ངང་ཁྱབ་པ་རེད། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་བརྟན་པོའི་ངང་མང་དུ་འགྲོ་བའི་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་ནས་རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་སྒུལ་ཤུགས་དང་སྤྲོ་སེམས་སྔར་བས་འཕེལ་བ་རེད།

    གནད་ཀྱིས་ཁྱོན་ལ་སྣེ་ཁྲིད་དེ་ཁྱད་ལྡན་ཐོན་ལས་ཀྱི་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ཁྲོད་འདམ་གཞུང་རྫོང་གིས་ཕུགས་ལ་དམིགས་པ་དང་། འབབ་འཕར་འགན་ལེན། དབུལ་སྒྲོལ་ལ་སྐུལ་གཏོང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་འབྲོག་ལས་དང་། རིག་གནས་ཡུལ་སྐོར། རང་བྱུང་འཐུང་ཆུ་བཅས་ལེགས་ལྡན་ཐོན་ལས་ཆེན་པོ་གསུམ་ལ་བརྟེན་ནས་ཁྱོན་མ་འཇོག་སྒོར་དུང་ཕྱུར་9.95བྱས་ཏེ་ཐོན་ལས་རྣམ་གྲངས་23ལག་ལེན་བསྟར་ནས་ནུས་ཤུགས་ཡོད་རྒུས་འབྲོག་ལས་འཕེལ་རྒྱས་ཀྱི་འཇུར་མིག་མེད་པར་བཟོས་པ་རེད། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་ཐད། འདམ་གཞུང་རྫོང་གིས་ས་གཙང་བདེ་ཐང་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ཆེད་དོན་རོགས་སྐྱོར་མ་དངུལ་སྒོར་ཁྲི་560བཀོད་སྒྲིག་བྱས་པར་རྫོང་དེའི་གྲོང་ཚོ(གྲོང་ལྷན)ཡོངས་ལ་མཉམ་སྡེབ་དཔལ་འབྱོར་ཁྱབ་ཐུབ་པ་བྱུང་བ་རེད།

    འདམ་གཞུང་རྫོང་ས་གཙང་འབྲི་གཡག་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ཏེ་ཁྲེང་ཏུའུ་དང་ཧྲང་ཧའེ་སོགས་སུ་རིམ་པ་དང་པོའི་ཚབ་གཉེར་ཚོང་པ་བཀོད་སྒྲིག་བྱས་པ་དང་འབྲེལ་ཁྲེང་ཏུར་འདམ་གཞུང་གི་ཚགས་ཤ་ཚོང་ཁང་བཙུགས་ཡོད། མིག་སྔའི་བར་ཀུང་སི་དེའི་ལས་གཉེར་གྱི་ཡོང་འབབ་སྒོར་ཁྲི་2524ཟིན་ནས་མང་ཚོགས་ཀྱི་དུད་ཚང་2000ལྷག་ཙམ་ལ་ཕན་པ་ཐོབ་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1500ཙམ་བྱུང་ཡོད། “འདམ་གཞུང་གི་རང་བྱུང་འཐུང་ཆུའི”སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་ཆེད་མ་དངུལ་སྒོར་དུང་ཕྱུར་1.2བཏང་སྟེ། “གནམ་མཚོའི་གཏེར་ཆུའི”བཟོ་གྲྭ་རྒྱས་སྐྲུན་བྱས་པ་དང་། 2017ལོར་རྣམ་གྲངས་དེ་ལས་ཁེ་འབབ་སྒོར་ཁྲི་29.7བྱུང་ཡོད་པ་རེད།

    ཕྱོགས་ཡོངས་ལ་ཁྱབ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་ལེན་དྲ་བ་བཙུགས་པ།

    2016ལོ་ནས་ད་བར་འདམ་གཞུང་རྫོང་དུ་གཞུང་ལམ་སྤྱི་ལེ་77.93གསར་སྐྲུན་བྱས་པ་དང་། ཤང(གྲོང་རྡལ)དུ་སྣུམ་ནག་གཞུང་ལམ་ཁྱབ་ཚད་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ཞིང་། སྔ་རྗེས་སུ་དབུལ་པོ་92གཞུང་ལམ་བདག་སྐྱོང་དོ་དམ་ལས་ཀར་བསྡུས་པར་ཡོང་འབབ་སྒོར་ཁྲི་55.2ཟིན་ཡོད། ཆུ་བེད་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྩྭ་རའི་ཆུ་འདྲེན་རྣམ་གྲངས་དང་གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་བརྟན་གཏོང་དང་མཐོར་གཏོང་འདུ་འགོད་ཟམ་མི་ཆད་པར་ལག་ལེན་བསྟར་ཏེ། ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་101གསར་སྣོན་དང་ལེགས་སུ་བཏང་བ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་ས་ཚིགས་40གསར་སྐྲུན་དང་ཉམས་བཟོ་བྱས་པས། ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པའི་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།