[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དུས་རབས་ཀྱི་ལེའུ་གསར་པ་བརྩམས། བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

    —— འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ལྷོ་ཁ་གྲོང་ཁྱེར་གྱི་གསར་འགྱུར་ལས་དོན་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-11

    581026_yis_1545975350022_b.jpg

    འདི་ནི་ན་ནིང་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་རིང་། ལྷོ་ཁའི་ཚགས་པར་དང་ལྷོ་ཁའི་དྲ་བའི་གསར་འགོད་པས་དྲ་རྒྱའི་བརྙན་ལམ་ཐད་གཏོང་བྱས་ནས་ལྷོ་ཁའི་རིག་གནས་དུས་ཆེན་གྱི་གནས་ཚུལ་གཏོང་སྤེལ་བྱེད་བཞིན་པ།

    སེམས་ལ་ཕུགས་བསམ་ལྡན་ན་གཞི་ནས་མི་ལ་ངར་ཤུགས་སྐྱེ་སྲིད། ཐག་རིང་གི་གྲོང་གསེབ་དང་། མང་ཚོགས་དབུལ་པོའི་ཁང་པའི་རྒྱབ་མདུན། ཚ་ཚ་འུར་འུར་གྱི་ལས་ཡུལ་སོགས་གང་དུ་གསར་འགྱུར་ཡོད་ན་དེ་གར་གསར་འགོད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།

    ལོ་ཡི་ཉག་མ་རེས་མོས་ཀྱིས་ཕར་ལ་འདས་པའི་དུས་ཚོད་ནང་ལྷོ་ཁ་གྲོང་ཁྱེར་གྱི་གསར་འགྱུར་ལས་དོན་པས་པར་ཆས་ལ་བརྟེན་ནས་འཚོ་བའི་གནས་ཚུལ་བཀོད་པ་དང་། སྐད་དུང་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་ཚུལ་ཤོད་པ། ཟིན་བྲིས་ལ་བརྟེན་ནས་དུས་རབས་ཀྱི་ཡར་ཐོན་མཚོན་པ་བཅས་བྱས་ཏེ་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད།

    ཐོག་མའི་བསམ་འདུན་མ་བརྗེད་པར་སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྤེལ་དང་། འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ནམ་ཡང་ཏང་དང་མི་དམངས་ཀྱི་ཕྱོགས་སུ་ལངས་རྒྱུ་ནི་དུས་རབས་གསར་པའི་ལྷོ་ཁའི་གསར་འགྱུར་ལས་དོན་པའི་དམིགས་ཡུལ་དང་དོན་གཉེར་བྱ་ཡུལ་ཞིག་རེད།

    ལམ་ཐག་རིང་པོར་མ་འཛེམས་པར་དཀའ་ངལ་ཁྱད་དུ་བསད་པ།

    ཤུལ་ལམ་རིང་པོ་གོམ་ཞེང་རེ་རེས་འཇལ་ཞེས་པ་དེས་གསར་འགྱུར་ལས་དོན་པའི་སྣང་ཚུལ་གསལ་པོར་མཚོན་ཐུབ། གཞི་རིམ་དུ་ཡང་སེ་བསྐྱོད་ཚེ་གཞི་ནས་སེམས་འགུལ་ཐེབས་ཤོས་ཀྱི་གཏམ་རྒྱུད་འཚོལ་ཐུབ་ལ་སྤྱི་ཚོགས་ཀྱི་འཕོ་འགྱུར་ཟབ་མོ་གསལ་པོར་གླེང་ཐུབ།

    ཚེ་རིང་ནོར་བུ། ལྷོ་ཁའི་ཚགས་པར་གྱི་གསར་འགོད་པ། བགྲང་བྱ་བཅུ་དྲུག་རིང་། ལྷོ་ཁ་གྲོང་ཁྱེར་གྱི་ས་ཆ་ཚང་མར་བསྐྱོད་མྱོང་ཡོད་ཅིང་། གངས་རི་བརྒལ་མྱོང་བ་དང་། ལུང་གཞུང་དང་གྲོག་རོང་བརྒྱུད་མྱོང་བ། གེགས་ཁུལ་དུའང་བསྐྱོད་མྱོང་ཡོད། ཁོང་གིས་འོད་སྟོང་རབ་ཏུ་འཕྲོ་བའི་གཞོན་ནུའི་ལང་ཚོ་གསར་འགྱུར་བྱ་གཞག་ལ་སྐྱེས་སུ་ཕུལ་ནས། ལམ་བར་གྱི་ངལ་བར་མི་འཛེམ་པར་རི་གྲོང་གི་གཏམ་རྒྱུད་རེ་རེ་བཞིན་སྐྱེ་བོ་མང་པོར་བརྒྱུད་བསྒྲགས་བྱས་ཡོད། ཁོང་གིས“གསར་འགྱུར་ནམ་ཡང་ཡོད། གསར་འགོད་པ་ནི་དེ་འགོད་མཁན་ཡིན”ཞེས་ཤོད་ཀྱི་ཡོད།

    ལི་ལི་ཀའེ། ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་བུ་མོ་ཞིག་ཡིན་པ་དང་བོད་ལ་དགའ་ཞེན་ཆེན་པོ་ཡོད། “ལྷོ་ཁའི་གཞུང་ཕྱོགས་སྐད་འཕྲིན”གྱི་གསར་འགོད་པ་དང་རྩོམ་སྒྲིག་པ་གཅིག་ལྕོགས་ཡིན་པའི་ཆ་ནས་ལོ་གཅིག་རིང་ཁོང་གིས་སྡེ་ཁུལ་དང་མཐའ་མཚམས་སུ་བསྐྱོད་པ་དང་། འབྲོག་པར་འཚམས་འདྲི་བྱེད་པ། ལྟ་ན་སྡུག་པའི་ཡུལ་ལྗོངས་པར་དུ་བླངས་ནས་ལྷོ་ཁའི་འཕོ་འགྱུར་ཆེན་པོ་དང་མི་ཡུལ་གྱི་བདེ་སྡུག་སེམས་གཏིང་ནས་མཚོན་པར་བྱས་ཡོད། ཁོ་མོས“ལམ་བར་དུ་ངས་འཕོ་འགྱུར་ཆེ་བའི་རྣམ་པ”མཐོང་བྱུང་ཞེས་བཤད།

    “གསར་འགྱུར་ཡག་པོ་ནི་བཅར་འདྲི་བྱས་པ་ལས་བྱུང་བ་ཞིག་རེད”ལམ་བཞུད་པར་མུ་མཐའ་མེད་ཅེས་པ་ལྟར་ཁོང་ཚོས་གསར་འགྱུར་ལས་དོན་པའི་གོམ་སྟབས་སྤོ་མཚམས་མ་འཇོག་པར་དཀའ་སྤྱད་ལས་སྒྲུབ་ཀྱི་གྲུབ་འབྲས་དག་ཚགས་པར་དང་། རླུང་འཕྲིན། བརྙན་ལམ་བཅས་ཀྱི་བརྩམས་ཆོས་རྩེ་གྲ་རེ་རེར་གྱུར་པ་བྱས་ཡོད།

    བརྗོད་དོན་གཙོ་བོའི་དྲང་ནུས་ཀྱི་ས་བོན་ས་གཞི་ཆེ་མོར་བཏབ་པ།

    གསར་འགྱུར་ལས་དོན་པ་ནི་འགྱུར་ལྡོག་ཆེ་བའི་དུས་རབས་ཀྱི་ཟིན་ཐོ་འགོད་མཁན་དང་། སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ། འདྲ་མཉམ་དྲང་གཞག་གི་ལྟ་སྲུང་བ་བཅས་རེད་ལ་བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་སྤེལ་བྱེད་མཁན་ཞིག་དེ་བས་རེད།

    དུས་ཡུན་རིང་པོའི་ནང་། ལྷོ་ཁའི་གསར་འགྱུར་ལས་དོན་པ་ཚོས་མཐུན་སྒྲིལ་བརྟན་ལྷིང་ལ་ཤུགས་རྒྱག་པ་དང་དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་མིག་རྒྱང་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་ལ་ཕྱོགས་ནས་གཞི་རིམ་གྱི་འཐབ་ས་དང་པོར་རྒྱུན་ཆད་མེད་པར་བསྐྱོད་པ་དང་དཔེ་མཚོན་སྔོག་འདོན་བྱས་ཏེ་བསམ་བློ་ཡོད་པ་དང་། ནང་དོན་ལྡན་པ། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བཅས་ཀྱི་གསར་འགྱུར་བརྩམས་ཆོས་ཁག་གཅིག་གི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད།

    “དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་། “གཞི་རིམ་གྱི་ལས་བྱེད་པ་ཡག་ཤོས”མུའུ་ཡུས་ཅུན། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་བག་བྲོ་ཆེ་བ། “སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དངོས་སྒྲུབ་ལ་སྣང་ཆེན་བྱེད་པར”སློབ་སྦྱོང་བྱེད་པའི་ཚ་རླབས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཀློག་པའི་བྱེད་སྒོ་རབ་དང་རིམ་པ། མཚོ་སྣ་རྫོང་ལེགས་པོ་རོང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན། རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་སོགས་ལྷོ་ཁའི་གསར་འགྱུར་ལས་དོན་པས་སྔོན་ཐོན་མི་སྣ་དང་། དཔེ་མཚོན་གྱི་བྱེད་སྟངས། འཛུགས་སྐྲུན་གྱི་གྲུབ་འབྲས་བཅས་མང་དག་ཅིག་འཕྲིན་སྤེལ་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་དུས་རབས་གསར་པའི་རླབས་ཆེན་གྱི་ལམ་བུར་དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་དང་སྣེ་ཁྲིད་བྱས་ཡོད།

    རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱས་པ།

    གསར་འགྱུར་ནི་དམིགས་བསལ་གྱི་ལས་རིགས་ཤིག་རེད། གོང་རིམ་ཏང་དང་སྲིད་གཞུང་དང་འབྲེལ་བ་ཡོད་ལ། གཤམ་འོག་མི་དམངས་མང་ཚོགས་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས་ལས་རིགས་དེའི་ནང་ཞུགས་མཁན་ལ་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ཏན་ཏིག་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་བློ་ལ་ངེས་པ། གསར་འགྱུར་བཅར་འདྲི་དང་། རྩོམ་སྒྲིག དེ་བཞིན་རྩོམ་འབྲིའི་ནུས་པ་དང་ཡོན་ཚད་མཐོ་པོ་བཅས་དགོས་པའི་བླང་བྱ་བཏོན་ཡོད། དེར་བརྟེན་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་འབྲངས་ནས་རང་ངོས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་གསར་འགྱུར་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ།

    གསར་འགྱུར་ལས་དོན་པའི་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་དང་ལས་སྒོའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་ཆེད། ཕྱོགས་གཅིག་ནས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུས“གཟའ་འཁོར་རེར་སློབ་ཚན་གཅིག”གི་སློབ་སྦྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་གསར་འགོད་པ་དང་རྩོམ་སྒྲིག་པར་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱེད་དུ་བཅུག་ནས་ལྷོ་ཁ་གྲོང་ཁྱེར་གྱི་ལྟེ་བའི་ལས་དོན་གྱི་སྐུལ་སྤེལ་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཤིང་། ཕྱོགས་གཞན་ཞིག་ནས་བོད་སྐྱོར་ལས་བྱེད་པའི་ལེགས་ཆར་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་གྱི་གསར་འགྱུར་ལས་དོན་པ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་གསར་འགྱུར་ལས་དོན་པའི་དབར་ལས་སྒོའི་སྤེལ་རེས་ལ་སྐུལ་མ་བཏང་ཁར་སྨྱན་སྦྱོར་གསར་པའི་འཛུགས་སྐྱོང་ལ་ཤུགས་སྣོན་དང་། གསར་འགྱུར་གཏོང་སྤེལ་བྱེད་སྟངས་གསར་གཏོད་བྱས་ཏེ་གསར་འགྱུར་སྤེལ་གཏོང་གི་འཇོན་ཐང་དང་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    “གསར་འགྱུར་ལས་དོན་པ་ནི‘ཤེས་བྱ་སྣ་ཚོགས་ལ་མཁས་པ’ཞིག་ཡིན་དགོས་པ་མ་ཟད‘རིགས་གཅིག་མཁས་ཅན’ཞིག་ཀྱང་ཡིན་དགོས། སྤྱི་ཚོགས་གོང་འཕེལ་ཧ་ཅང་མྱུར་བ་དང་བྱ་དངོས་གསར་པ་མང་དུ་ཐོན་བཞིན་ཡོད་པས། ང་ཚོས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ཚེ་གཞི་ནས་འཕེལ་རྒྱས་ཀྱི་རྗེས་ཟིན་པ་དང་‘འཇོན་ཐང་ཐད་ཀྱི་དངངས་སྐྲག’སེལ་ཐུབ་ལ་ཏང་གི་སྲིད་ཇུས་གསེད་བཀྲོལ་དངོས་འབྲེལ་ཡག་པོ་དང་ཁྱབ་སྤེལ་ཡག་པོ་བཏང་ན་མང་ཚོགས་ཀྱི་ཆ་འཕྲིན་དགོས་མཁོ་སྐོང་ཐུབ”ཅེས་ལྷོ་ཁ་ཚགས་པར་ལས་ཁུངས་ཀྱི་ཧྲེ་ཀྲང་སྤྱི་ཁྱབ་རྩོམ་སྒྲིག་པ་ཁོ་ཅན་ཧྭས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།