[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་མཚམས་སུ 《བོད་ལྗོངས་ཉིན་རེའི་ཚགས་པར》ཀུན་འདུས་སྨྱན་སྦྱོར་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་སྤེལ་ཡོད། དཔྱད་གཏམ་སྤེལ་མ་ཐག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་དོ་ཁུར་རྒྱ་ཁྱབ་བྱུང་ཞིང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོ་གུང་ཁྲན་ཏང་མེད་ན་བོད་ལྗོངས་གསར་པ་མེད་ལ་སྔོན་ཆད་ཀྱི་ཞིང་བྲན་དང་བྲན་གཡོག་ཚོའི་བུ་རབས་ཚ་རྒྱུད་རྣམས་ད་ཆའི་བོད་ལྗོངས་གསར་པའི་བདག་པོར་འགྱུར་མི་སྲིད། དེས་ན་ང་ཚོས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་ཁོ་པའི་དབང་སྒྱུར་གྱི་དམིགས་བསལ་དབང་ཆ་སླར་གསོ་བྱ་རྒྱུའི་ཏཱ་ལའི་རུ་ཚོགས་ཀྱི་སྟོང་བསམ་ནམ་ཡང་འགྲུབ་ཏུ་འཇུག་མི་རུང་ཞེས་བརྗོད་པ་རེད། 

    “བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་ནི་བོད་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་རེད་ལ་མི་རིགས་ཁག་གི་དགོས་མཁོ་ཡང་རེད”ཅེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་ཝང་ཝུན་ལིན་གྱིས་བརྗོད་པ་དང་།  ཁོང་གིས་རིམ་སྤེལ་དཔྱད་གཏམ་གྱིས་ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་བྱུང་ལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་རང་བཞིན་དང་གནོད་འཚེའི་རང་བཞིན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་རང་བཞིན་དང་། རྣོ་ངར་རང་བཞིན། རྙོག་འཛིང་རང་བཞིན་བཅས་ཡིན་པ་སླར་ཡང་གསལ་པོ་མཐོང་བྱུང་ཞེས་བརྗོད། 

    “ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་སྔར་བས་ཐེར་འདོན་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་སྔར་བས་ཐེར་འདོན་དགག་རྒྱག་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་དང་དེའི་གནོད་འཚེའི་མཇུག་འབྲས་གསལ་ཤེས་ཐུབ་པ་དང་། ཏཱ་ལའི་རུ་ཚོགས་ནི་བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་བའི་སྤྱིའི་འབྱུང་རྩ་ཡིན་པ་གསལ་ཤེས་ཐུབ་པ། ཏཱ་ལའི་རུ་ཚོགས་དང་མདུང་རྩེ་ཁ་སྤྲོད་ཀྱི་འཐབ་རྩོད་བྱེད་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་ཞིག་ཡིན་པ་གསལ་ཤེས་ཐུབ་པ་བྱེད་དགོས”ཞེས་ཝང་ཝུན་ལིན་གྱིས་བརྗོད་པ་དང་། ཁོང་གིས་སྔོན་ལ་བྱ་སྤྱོད་སྤེལ་རྒྱུ་མཐའ་འཁྱོངས་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་སྤེལ་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་དགོས་ཞེས་བརྗོད། 

    “ཀུན་གྱིས་ཤེས་གསལ་ལྟར། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀླད་རྙིང་མཁྲེགས་བཟུང་གིས་སྲུང་སྐྱོང་བྱེད་མཁན་ཞིག་རེད”ཅེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་བུ་ཆུང་གིས་བརྗོད་པ་དང་། ཁོང་གིས་འགྱུར་བ་ཇི་ཙམ་བཏང་ཡང་ངོ་བོ་བསྒྱུར་མེད་ཅེས་པ་ལྟར་དུས་ཡུན་རིང་པོའི་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“བོད་མི་དམངས་ཀྱི་མགྲིན་ཚབ་པ”དང“ཆོས་ལུགས་ཀྱི་གཙོ་འཛིན”ཡིན་ཁུལ་གྱིས་དེ་སྔའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་མཛེས་བཟོ་གང་ཐུབ་བྱེད་ཀྱི་ཡོད། ཁོ་པའི་མཐའ་མའི་དམིགས་ཡུལ་ནི་ཁོ་པས་གཙོས་པའི་བོད་རྙིང་པའི་ཞིང་བྲན་བདག་པོ་ཆེ་ཤོས་ཀྱི་སྟོབས་ཤུགས་ལྷག་འཕྲོའི་རྩ་བའི་ཁེ་ཕན་ཀླད་རྙིང་མཁྲེགས་བཟུང་གིས་སྲུང་སྐྱོང་བྱེད་པ་དང་། ཁོ་པ་ཚོའི་ཆོས་དབང་སྲིད་དབང་ལས་མཐོ་བ་དང“ལྷ་དབང་གོང་བཀུར”གྱི་དམངས་རྨོངས་སུ་འཇུག་པའི་བསམ་བློ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་འགྲོ་བ་མིའི་ཐོབ་ཐང་ལ་འཛེམ་བག་མེད་པར་རྡོག་རོལ་གཏོང་རྒྱུ་དེ་རེད་ཅེས་བརྗོད། 

    བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་རྟ་མགྲིན་རྡོ་རྗེས“ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱས་པའི་དོན་དངོས་མང་པོ་མིག་མདུན་དུ་འཁོར་གྱི་འདུག”ཅེས་བརྗོད་པ་དང་། ཁོང་གིས་ཁོ་པ་བྲོས་བྱོལ་དུ་སོང་ནས་ལོ་60སོང་རིང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་ལ་འགལ་རྐྱེན་བཟོ་བའི་ལོག་སྤྱོད་ཀྱི་བྱེད་སྤྱོད་སྤེལ་མཚམས་འཇོག་མྱོང་མེད། ཁོ་པས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་སྡོམ་ཁྲིམས་ལས་ཚབས་ཆེན་འགལ་བ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བའི་བྱ་ངན་འཛེམ་བག་མེད་པར་བརྩམས་པ། འབྱུང་རྩ་གཏིང་བརྗེད་དང་སྒྲིག་འགལ་ལུགས་ལྡོག་གི་བྱ་ངན་མང་དག་བརྩམས་ཡོད་ཅེས་བརྗོད། 

    “བོད་ཀྱི་ཆོས་ལུགས་ཞིབ་འཇུག་ལ་གཞོལ་བཞིན་པའི་ལས་དོན་པ་ཞིག་གི་ངོས་ནས་བོད་ལྗོངས་གསར་པར་གཞི་ནས་མི་རིགས་ཁག་གི་མི་དམངས་ལ་ཆོས་དད་རང་མོས་དངོས་འབྲེལ་ཡོད”ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་དང་དད་པ་མི་བྱེད་པའི་སྤྱི་དམངས་དབར་ཕན་ཚུན་བརྩི་འཇོག་དང་། འཆམ་མཐུན་མཉམ་གནས་ཐུབ་ནས་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་བཞིན་ཡོད”ཅེས་རྟ་མགྲིན་རྡོ་རྗེས་བརྗོད་པ་དང་། ཁོང་གིས“ཡིན་ནའང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་ཀྱི་མི་དམངས་རྣམས་ལ་དེང་རབས་ཅན་ལས་བྱུང་བའི་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་འཚོ་བ་མཐོང་འདོད་བྱེད་ཀྱི་མེད། མེས་རྒྱལ་ཁ་ཕྲལ་གཏོང་བ་དང་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་སླར་གསོ་བྱེད་པའི་ཏཱ་ལའི་རུ་ཚོགས་ཀྱི་རེ་ངན་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་པས་ནམ་ཡང་འགྲུབ་མི་སྲིད”ཅེས་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།