[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བྱེ་སའི་ལོ་རྒྱུས་མཇུག་འགྲིལ་ནས་ཁྱིམ་གཞིས་སྔོ་ལྗང་ཅན་དུ་གྱུར་པ།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་སྒྲིལ་གླེང་བརྒྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-15

    སྣོད་བཅུད་ཁ་གསབ་ལག་བསྟར་བྱ་རྒྱུ་ནི་རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་རེད། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད། རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྲུང་སྐྱོང་སྔོན་ལ་བྱ་རྒྱུ་དང་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་ས་མཐོའི་སྣོད་བཅུད་སྲུང་སྐྱོང་བྱས་ཡོད། སྔོ་བསངས་མའི་ནམ་མཁའ་དང་ཆུ་དྭངས་མའི་ཁྲོད་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་རང་ལྗོངས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མི་ཚང་མ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་པ་དང་སྣོད་བཅུད་སྲུང་སྐྱོང་པ་ཞིག་ཧུར་ཐག་བྱེད་པའི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་འདུས་ཡོད།

    “བར་མཐོངས་ཀྱི་གསར་བརྗེ”ལས་སྣོད་བཅུད་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་པ།

    “ང་ཚོས་བར་མཐོངས་འཕེལ་རྒྱས་ཀྱི་བཀོད་པ་སྔར་བས་ལེགས་སུ་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་འཆམ་མཐུན་འཕེལ་རྒྱས་ཀྱི‘བར་མཐོངས་གསར་བརྗེར’སྐུལ་འདེད་གཏོང་རྒྱུ་ཡིན” ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས《རྒྱང་ལྟ》ཞེས་པའི་གསར་འགྱུར་གྱི་གཟའ་འཁོར་དུས་དེབ་ཀྱི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་མི་འབོར་འོས་འཚམ་གཅིག་སྡུད་ལ་སྐུལ་འདེད་བཏང་ནས་སྨི་4800ཡན་གྱི་མཐོ་གྲང་ས་ཁུལ་དང་། རང་བྱུང་སྲུང་སྐྱོང་ཁུལ། སྣོད་བཅུད་ཉམས་ཞན་ཁུལ་བཅས་ཀྱི་མང་ཚོགས་ས་བབ་བལྟོས་བཅས་ཀྱིས་དམའ་བ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན་ཅུང་ལེགས་པ། སྣོད་བཅུད་ཁོར་ཡུག་གི་ཐེག་ནུས་ཅུང་ཆེ་བ་བཅས་ཀྱི་ས་ཁུལ་དུ་གནས་སྤོས་ཏེ་མིས་རང་བྱུང་སྲུང་སྐྱོང་ཁུལ་དང་སྣོད་བཅུད་ཉམས་ཞན་ཁུལ་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་བཏང་ནས་ས་ཆ་དེ་དག་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་དགའ་ཚལ་དུ་རིམ་བཞིན་འགྱུར་བར་བྱེད་དགོས་ཞེས་གསུངས།

    ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་ནི་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་དགུན་དུས་སུ་གྲང་རླུང་འུར་འུར་དུ་ལྡང་ནས་བྱེ་མས་ཁེངས་ཀྱི་ཡོད། 2018ལོའི་ཟླ་6ཚེས་18ཉིན། རོང་དམར་ཤང་གི་འབྲོག་པ་ཆིག་སྟོང་ལྷག་ཙམ་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་པའི་བྱང་རྩྭ་ཐང་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དུ་སྤོས་ཡོད།

    རོང་དམར་ཤང་ནི་རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་ལག་བསྟར་བྱས་པའི་བསྡུས་རིས་ཤིག་རེད། 2017ལོར། རང་ལྗོངས་ཀྱིས་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་106.9སྤྱི་འདོམས་བྱས་ནས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་ས་ཚིགས་433བསྐྲུན་པ་དང་ས་བབ་མཐོ་བའི་གནས་སྤོའི་ཚོད་ལྟ་ཁུལ་2ལག་བསྟར་བྱས་ཡོད། 2018ལོར། རང་ལྗོངས་ཀྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་མ་དངུལ་སྒོར་དུང་ཕྱུར་144.9བཏང་བ་དང་མི་ཁྲི་21.8གནས་སྤོས་ཡོད། ཆབ་མདོའི་ས་ངན་ཡུག་ཁུལ་གྱི་མི་1639གྲོང་ཁྱེར་བརྒལ་བའི་དབུལ་སྐྱོར་གནས་སྤོ་བྱས་པ་དང་ས་བབ་མཐོ་བའི་ས་ཁུལ་གྱི་མི་1102སྣོད་བཅུད་གནས་སྤོ་བྱས་ཡོད།

    “སྲུང་སྐྱོང་ཆེ་མོ”བྱས་ནས་སྣོད་བཅུད་སྲུང་ཡོལ་བརྟན་དུ་བཏང་བ་།

    འདི་ལོ་རང་ལྗོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.3བཏང་ནས་བཙོག་ཆུ་གཙང་གསིང་རྣམ་གྲངས་25སྐྲུན་འགོ་བཙུགས་པས་ད་བར་རང་ལྗོངས་སུ་བཙོག་ཆུ་གཙང་གསིང་རྣམ་གྲངས་49སྐྲུན་བཞིན་ཡོད། བཙོག་ཆུ་གཙང་གསིང་བཟོ་གྲྭ་25གྲོང་ཁྱེར་དང་ས་ཁུལ་7དུ་ཁྱབ་པ་དང་། རྫོང་དང་ཆུས་19དང་ཤང་དང་གྲོང་རྡལ་6དང་འབྲེལ་བ་ཡོད་པ་མ་ཟད། ཟླ་བ་དྲུག་པའི་ཟླ་མཇུག་གོང་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་བྱ་རྒྱུ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”ལོ་མཇུག་ཏུ་སླེབས་སྐབས་བཙོག་ཆུ་གཙང་གསིང་གི་འཆར་གཞི་བོད་ཀྱི་རྫོང་དང་ཆུས་ཚང་མར་ཁྱབ་རྒྱུ་ཡིན་པ་རེད།

    དམངས་གཙོའི་བཅོས་སྒྱུར་བྱས་ཚུན། བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་བ་ཕུད། རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་གོམ་པ་བརྟན་པོ་སྤོས་པ་དང་གོམ་པ་སྤོ་མཚམས་འཇོག་མྱོང་མེད།

    དུས་རབས་20པའི་ལོ་རབས་60ཚུན་དང་ལྷག་དོན་དུ་དུས་རབས་20པའི་ལོ་རབས་90ཚུན་དུ་རང་ལྗོངས་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་འདུ་འགོད་སོགས་ལག་བསྟར་བྱས་ཡོད།

    2011ལོར《མཚོ་བོད་ས་མཐོའི་ས་ཁོངས་ཀྱི་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་འཆར་གཞི(2011ནས་2030ལོའི་བར)》ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད། རང་ལྗོངས་ཀྱིས་ལག་བསྟར་བྱས་པའི་སྣོད་བཅུད་འཛུགས་སྐྲུན་གྱི་ལས་གྲྭ་རབ་དང་རིམ་པས་སྣོད་བཅུད་སྲུང་སྐྱོང་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་དང་སྣོད་བཅུད་མ་ལག་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་ཚོད་འཛིན་ཐུབ་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་སླར་གསོ་ཐུབ་པ། གཙོ་གནད་སྣོད་བཅུད་ལས་གྲྭའི་ཁུལ་ཁག་གཅིག་གི་སྣོད་བཅུད་ནུས་པ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད།

    2018ལོར། རང་ལྗོངས་ཀྱིས་སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་པ་ཁྲི་1.6ལྷག་ཙམ་དང་དེ་བཞིན་རྡོ་སོལ་ཁྲོ་ཐབ་ཆུང་གྲས་421མེད་པར་བཟོས་པ་མ་ཟད། ས་རྒྱུའི་སྦགས་བཙོག་གནས་ཚུལ་ཞིབ་བཤེར་གྱི་ལས་དོན་ཧུར་ཐག་སྤེལ་བ་རེད།

    “ལྗང་མདོག་འཕེལ་རྒྱས”བཏང་བས་སྣོད་བཅུད་ཀྱི་ཁེ་སྤོགས་མང་དུ་ཕྱིན་པ།

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་བྱེད་མགྱོགས་སུ་བཏང་སྟེ《བོད་རང་སྐྱོང་ལྗོངས་ཀྱི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི(2013-2020ལོའི་བར)》བཟོས་ནས་ནུས་རྒྱུ་གཙང་མ་དང་། ཡུལ་སྐོར། རིག་གནས། ཁྱད་ལྡན་བཟའ་བཅའ། རང་བྱུང་འཐུང་ཆུ། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་དོན་ཟོག་འགྲེམས། དངུལ་རྩ། ཆ་འཕྲིན་ཞབས་ཞུ་སོགས་ཀྱི་ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་བདེ་གོང་གྲོང་ཚོའི་ལོ་58ལ་སླེབས་པའི་གྲོང་མི་བཀྲ་ཤིས་ཀྱིས་2018ལོའི་གདོང་དཀར་གླིང་གའི་རིང་གུར་བོགས་མར་གཏོང་བ་དང་། ཞོག་བཀྲག་དང་འཐུང་བྱ་བཙོངས་པར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་ཡོད། “ད་ཆ་གྲོང་མིས་རང་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པས་སླད་ཕྱིན་གྱི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་རེད”ཅེས་བཀྲ་ཤིས་ཀྱིས་དགའ་ཚོར་ངང་བཤད།

    བདེ་གོང་གྲོང་ཚོའི་འཕྲང་ལམ་དུ་སྐྱོད་སྐབས་ལམ་གཡས་གཡོན་གཉིས་སྔོ་ཐིང་ཐིང་དང་། ཆུ་མོ་ཤང་ཤང་དུ་རྒྱུག་པ། ཞིང་ཁྱིམ་སྟར་པ་རེ་རེ་ལྗོན་ཤིང་གི་གསེབ་ཏུ་གནས་ཤིང“སྔོན་ཆད་དྲག་རླུང་ལྡང་སྐབས་བྱེ་མས་ཁེངས་ནས་ཕྱིར་དོན་ཕོད་ཀྱི་མེད། དེ་བས་ཧང་སངས་དགོས་པ་ཞིག་ལ་ལོ་ཏོག་བྱེ་མས་བཀབ་ནས་གྲོང་མིའི་ས་ཞིང་རྒྱ་ཁྱོན་དེ་བས་ཆུང་དུ་འགྲོ་གི་ཡོད”ཅེས་རྡོ་རྗེ་དགྲ་འདུལ་གྱིས་བཤད་པ་དང་། ཁོང་གིས་དུས་རབས་གོང་མའི་ལོ་རབས་50པ་ནས་བཟུང་བདེ་གོང་གྲོང་ཚོའི་མང་ཚོགས་ཀྱིས་ཤིང་བཙུགས་པས་ད་ཆ་གཞི་ནས་སྔོ་ཐིང་ཐིང་གི་སྣོད་བཅུད་གྲོང་ཚོར་གྱུར་བ་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།