[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཐང་སྨད་ཀྱི་ཉེན་ཁ་ཆེ་བའི་ལམ་བུ་ཤར་གཏོང་ཐུབ་པས་མི་སེར་ཚོའི་ཕྱུག་འགྱུར་གྱི་ལམ་བུ་ཡང་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-15

    རྒྱལ་ལམ་318ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཐང་སྨད་གྲོང་ཚོའི་ལམ་དུམ་བུར་ལི་ཁྲའོ་ཅང་གིས་རང་ཁྱིམ་སྤྲོ་སྐྱིད་ཁང་དུ་ཕར་འགྲོ་ཚོང་འོང་བྱེད་མཁན་འགྲུལ་པར་སྣེ་ལེན་ཞུ་བཞིན་མཆིས། “ཉིན་རེར་འགྲུལ་པ་ཉིས་བརྒྱ་གསུམ་བརྒྱ་ཙམ་ལ་ལྟོ་ཆས་སྣེ་ལེན་བྱས་པར་ཡོང་འབབ་སྒོར་ལྔ་སྟོང་དྲུག་སྟོང་ཙམ་ཡོང་གི་འདུག”ཅེས་ལི་ཁྲའོ་ཅང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་རྒྱལ་ལམ་318རྒྱུད་ཀྱི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན། གནས་སྐོར་བ་བཅས་ནི་སྤྲོ་སྐྱིད་ཁང་དུ་རྟག་ཏུ་ཡོང་མཁན་གྱི་མགྲོན་པོ་རེད་ཅེས་བརྗོད། ཐང་སྨད་གྲོང་ཚོར་ལོ་20ཙམ་འབད་འཐབ་བྱས་པའི་ལི་ཁྲའོ་ཅང་གིས་རང་གི་མིག་མདུན་གྱི་ལམ་བུ་དེས་སོ་སོའི་ལས་དབང་ལ་འགྱུར་ལྡོག་བཏང་བ་གསལ་པོར་ཤེས་ཀྱི་ཡོད།

    2000ལོར་ལི་ཁྲའོ་ཅང་ཐང་སྨད་དུ་ཐོག་མར་ཡོང་སྐབས་མིག་མདུན་གྱི་ལམ་བུ་དེ་བརྒྱུད་མྱོང་། སྐབས་དེ་དུས་ཁོང་གིས་ཕ་ཡུལ་སི་ཁྲོན་ནས་ཟོག་འདྲེན་རླངས་འཁོར་གྱི་འཁོར་སྒྲོམ་དུ་བསྡད་དེ་དུས་ཡུན་གཟའ་འཁོར་གཅིག་ཙམ་བསྐྱོད་རྗེས་གཞི་ནས་ཐང་སྨད་དུ་འབྱོར་ཡོད། ཐང་སྨད་དུ་ཡོང་ཐེངས་དང་པོ་ཡིན་པའི་ལི་ཁྲའོ་ཅང་གིས་ཟ་ཁང་ཆུང་ཆུང་ཞིག་ཏུ་མ་བྱན་བྱས་པར་ཟླ་རེར་ཡོང་འབབ་སྒོར་800ཙམ་ལས་མེད།

    ཚེ་སྲོག་གི་ལམ་བུ་ཤར་གཏོང་ཐུབ་རྗེས་ཀྱི“ཕན་པ་ཐོབ་མཁན”

    སྐབས་དེ་དུས་ཐང་སྨད་གྲོང་ཚོའི་ཉེ་འགྲམ་གྱི་ས་རྡོའི་ལམ་བུ་དེ་ནི་གྲོང་ཚོ་ཡོངས་ཀྱི་ཚེ་སྲོག་གི་ལམ་བུ་ཡིན་པས་ཕྱིའི་དངོས་རྫས་དང་མི་ལམ་བུ་དེ་བརྒྱུད་ཐང་སྨད་དུ་ཡོང་རྒྱུ་ལས་མ་འདས། འོན་ཀྱང་ས་རྡོའི་ལམ་བུ་དཀྱུས་མ་དེ་ནི་སྐད་གྲགས་ཡོད་པའི“ཐང་སྨད་ཀྱི་ཉེན་ཁ་ཆེ་བའི་ལམ་བུ”དེ་རེད། ཐང་སྨད་ཀྱི་ཉེན་ཁ་ཆེ་བའི་ལམ་བུ་ནི་ཁྲོན་བོད་གཞུང་ལམ་ཐོག་གི་ཉེན་ཁ་ཆེ་བའི་འཕྲང་ལམ་ཞིག་ཡིན་པ་དེར་སྔོན་ཆད་མི་རྣམས་ཀྱིས“ཐང་སྨད་དུར་ས”ཞེས་འབོད་ཀྱི་ཡོད། ལམ་བུ་དེ་ནི“འཛམ་གླིང་ཐོག་གི་འདམ་རྡོའི་ཆུ་རུད་ཐོན་མང་ཤོས་ཨང་གཉིས་པའི”ཁོངས་སུ་གནས་ཡོད་པས་རི་རྒྱུད་དེའི་ས་རྒྱུ་སོབ་ཙམ་ཡོད། མི་འགའ་ཞིག་གིས་རྒྱལ་ལམ་318ཐང་སྨད་ཉེན་ཁ་ཆེ་བའི་ལམ་བུར་བསྐྱོད་མྱོང་མེད་ཚེ་ཁྲོན་བོད་གཞུང་ལམ་གྱི་དཀའ་སྡུག་ཤེས་མི་སྲིད་ཅེས་བརྗོད་སྲོལ་ཡོད།

    “གནམ་དྭངས་པའི་སྐབས་སུ་རླངས་འཁོར་བསྐྱོད་སྐབས་ཐལ་རྡུལ་གྱིས་ཁེངས་ཏེ་རྒྱང་རིང་ནས་ལྟ་སྐབས་མེ་འཁོར་ཡོང་བ་དང་གཉིས་སུ་མ་མཆིས”ཞེས་ལི་ཁྲའོ་ཅང་གིས་དྲན་གསོ་བྱེད་བཞིན་བརྗོད། ཉེ་འགྲམ་དུ་གངས་རི་དང་ཆུ་བོ་མང་པོ་ཡོད་པས་ཆར་དུས་སླེབས་སྐབས་རི་ཉིལ་བ་དང་། ཆུ་ལོག་རྒྱུག་པ། ས་བརྡིབས་པ་སོགས་ཀྱི་རང་བྱུང་གནོད་འཚེ་མང་པོ་ཐོན་གྱི་ཡོད། གྲོང་ཚོའི་ནང་གོམས་གཤིས་ཤིག་ཡོད་པ་སྟེ་ཆར་པ་བབས་དུས་ཕྱི་ལ་འགྲོ་གི་མེད་ཅེས་ཐང་སྨད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀརྨ་ཚེ་རིང་གིས་བརྗོད།

    2012ལོར་ཐང་སྨད་གྲོང་ཚོར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་སྟེ། རྒྱལ་ལམ་318ཐང་སྨད་གྲོང་ཚོའི་རྒྱུད་ཀྱི་ལམ་དུམ་ལ་བཟོ་བཅོས་བརྒྱབ་པ་བརྒྱུད་དེ་སྔོན་གྱི་ས་རྡོའི་ལམ་བུ་དེ་ད་ལྟའི་སྣུམ་ནག་གཞུང་ལམ་དུ་གྱུར་བ་རེད། ཚེ་སྲོག་གི་ལམ་བུ་ཤར་གཏོང་ཐུབ་པས་ཐང་སྨད་གྲོང་ཚོའི་ཕྱུག་འགྱུར་གྱི་ལམ་བུའང་ཡངས་སུ་ཕྱིན། ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་བསྟུན་ནས་ལི་ཁྲའོ་ཅང་ལ་ཚོང་གཉེར་གྱི་གོ་སྐབས་རྙེད་དེ་ལོ་བཅུ་གྲངས་བྱེད་མྱོང་བའི་མ་བྱན་གྱི་ལས་ཀ་དེ་བརྟན་སྲུང་བྱས་ནས་ལམ་འགྲམ་དུ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་བ་རེད།

    “རང་ཁྱིམ་དུ་བཏབ་པའི་ཚལ་དང་རང་ཁྱིམ་གྱིས་གསོས་པའི་ཕྱུགས་རིགས”ནི་ལི་ཁྲའོ་ཅང་གི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་ལྗང་མདོག་སྣོད་བཅུད་གཙོ་བོ་དེ་ཡིན་པས་ལམ་རྒྱུད་འགྲུལ་པའི་ཡིད་དབང་མི་འཕྲོག་ཅི་ལ་སྲིད། ཐོག་མར་ཉིན་རེར་ཡོང་འབབ་སྒོར་ཆིག་སྟོང་ཙམ་ནས་ད་ལྟའི་སྒོར་ལྔ་སྟོང་དང་དྲུག་སྟོང་བར་འཕར་བ་དང་ཐང་སྨད་ཀྱི་ཉེན་ཁ་ཆེ་བའི་ལམ་བུ་ཤར་གཏོང་ཐུབ་པ་དེས་ལི་ཁྲའོ་ཅང་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད།

    ཉེན་ཁ་ཆེ་བའི་ལམ་བུའི་ཐོག་གི“སྲུང་སྐྱོང་མཁན”

    “ང་ཚོའི་གྲོང་ཚོ་ནི་ལམ་བུ་དེར་བརྟེན་ནས་ཕྱུག་པོར་འགྱུར་བ་ཞིག་ཡིན་པས་ང་ཚོས་ཐུགས་རྗེ་ཆེ་ཞུ་འོས་པ་ནི་གཞུང་ལམ་བདག་སྐྱོང་བྱེད་མཁན་གྱི་དྲག་ཆས་ཉེན་རྟོག་དཔོན་དམག་ཚོ་རེད”ཅེས་ཕན་པ་ཐོབ་མཁན་ཀརྨ་ཚེ་རིང་གིས་ཉེན་ཁ་ཆེ་བའི་ལམ་བུ་དེའི“སྲུང་སྐྱོང་མཁན”བརྗེད་མེད།

    2000ལོའི་ཟླ་4པར་ཡིད་འོང་གི་རི་ཉིལ་བའི་གནོད་འཚེ་ཚབས་ཆེན་ལས་འཁྱིལ་མཚོས་སྔོན་ཆད་ཀྱི་ཐང་སྨད་ཟམ་པ་འཁྱེར་བས་ཁྲོན་བོད་གཞུང་ལམ་གྱི་འཕར་རྩ་ཆེན་པོ་སྦྲེལ་མཐུད་བྱེད་པའི་ཕྱོགས་རྐྱང་པའི་འགྲོ་ལམ་ལྕགས་སྒྲོམ་ཟམ་པ་དང་ཨར་སྐྲུན་གྱི་སྟབས་བདེའི་ཟམ་པ་ཞིག་སྔོན་ཆད་ཀྱི་ས་ཆར་བསྐྲུན། དུས་དེ་ནས་བཟུང་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཡན་ལག་རུ་ཁག་གསུམ་པས་ཐང་སྨད་ཀྱི་ཉེན་ཁ་ཆེ་བའི་ལམ་དུམ་སྲུང་སྐྱོང་བྱས་པ་རེད།

    ལོ་དེར་ཐང་སྨད་ཀྱི་ཉེན་ཁ་ཆེ་བའི་ལམ་བུ་སྲུང་སྐྱོང་ལ་ཉེན་ཁ་ག་ཚོད་ཡོད་མེད་དེ་བདག་སྐྱོང་རུ་ཆེན་བཞི་པའི་རུ་དཔོན་རྒན་པ་ཝང་ཧྥ་མིང་དང་འཐབ་འཛིང་པ་ཚོའི་སེམས་ལ་གསལ་ཤོས་རེད། ལོ་རེར་ཉུང་མཐར་ཡང་གནོད་འཚེ་ཐེངས་300ལྷག་ཙམ་ཐོན་གྱི་ཡོད་པས་འཐབ་འཛིང་པ་ཚོས་ཉིན་ལྟར་ཉེན་སེལ་རྒུད་སྐྱོབ་དང་རླངས་འཁོར་ཤར་གཏོང་གི་ལས་ལ་གཞོལ་གྱི་ཡོད། ཞོར་ཐོན་གནོད་འཚེ་ཐོན་སྐབས་འཐབ་འཛིང་པ་ཚོས་རང་ཉིད་ཀྱི་བདེ་སྡུག་ལ་བསམ་བློ་གཏན་ནས་གཏོང་མྱོང་མེད། ཝང་ཧྥ་མིང་གིས་ཧ་ཅང་ཉེན་ཁ་ཆེ་བའི་གནས་ཚུལ་ཞིག་ད་ལྟའི་བར་དུའང་གསལ་པོར་ངེས་ཡོད་དེ། 2005ལོར་འཐབ་འཛིང་པ་ཞིག་གིས་ལྡུག་འཁོར་བཏང་སྟེ་བྱེ་རྡོ་གཙང་སེལ་བྱེད་སྐབས་གློ་བུར་དུ་ས་བརྡིབས་ནས་འཐབ་འཛིང་པ་དེ་ལྡུག་འཁོར་དང་མཉམ་དུ་གྲོག་རོང་དུ་ལྷུང་། སྟབས་ལེགས་པ་ཞིག་ལ་འཐབ་འཛིང་པ་དེ་འཕྲུལ་འཁོར་ནས་ཕྱིར་ཟགས་པས་སྲོག་ཉེན་ལས་ཐར་ཙམ་བྱུང་། ཡིན་ནའང་རང་ཉིད་ཀྱི་ལྡུག་འཁོར་དེ་ཧྲུག་ཆག་ཏུ་སོང་།

    གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་ཉེན་ཁ་ཆེ་ཡང་མདུན་སྐྱོད་བྱེད་ཕོད་པ་ནི་སྲུང་སྐྱོང་མཁན་ཚོའི་མངོན་གསལ་དོད་ཤོས་ཀྱི་མཚོན་རྟགས་ཤིག་རེད། “ངས་མཐོང་མྱོང་བའི་རྡོ་རིལ་ཆེ་ཤོས་ནི་རླངས་འཁོར་ཙམ་འདུག”ཉེན་ཁ་དུས་གང་རུང་ཞིག་ལའང་ཐོན་སྲིད། ཡིན་ནའང་བདག་སྐྱོང་རུ་འབྲིང་བཅུ་གསུམ་པའི་དམག་མི་རྒན་གྲས་རེན་ཧོང་པོས་ལམ་བུ་དེ་ཤར་གཏོང་བྱས་པ་དེ་ནི་རང་ཉིད་དམག་དཔུང་དུ་བསྡད་དེ་ལོ་12ཙམ་སོང་རིང་གི་གྲུབ་འབྲས་ཆེ་ཤོས་ཤིག་ལ་བརྩི་ཡི་ཡོད།

    ཐང་སྨད་ཀྱི་ཉེན་ཁ་ཆེ་བའི་ལམ་བུ་ཤར་གཏོང་ཐུབ་པ་ལས་ཁྲོན་བོད་ཚེ་སྲོག་གི་ལམ་བུ་ཤར་གཏོང་ཐུབ་པ་དང་མི་སེར་ཚོའི་ཕྱུག་འགྱུར་ལམ་བུ་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད། སྐབས་དེ་དུས་སྔོན་གཤེགས་དཔའ་བོ་མང་པོ་ཞིག་གིས་ཁྲོན་བོད་གཞུང་ལམ་སྐྲུན་ཆེད་རང་ཉིད་ཀྱི་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་ཡོད་ལ། ད་ལྟ་ཚེ་སྲོག་གི་ལམ་བུ་དེ་མི་མང་པོ་ཞིག་གིས་སྐད་གྲགས་མེད་པར་སྲུང་སྐྱོང་བྱེད་བཞིན་ཡོད། ཁོང་ཚོས་སྲུང་སྐྱོང་བྱེད་པ་ནི་འགན་འཁྲི་ཞིག་རེད་ལ། བོད་རིགས་ས་ཁུལ་གྱི་མི་སེར་ཚོའི་རེ་བ་ཞིག་དེ་བས་ཀྱང་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།