[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2019ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་སྟེ་བོད་ཀྱི་རང་བརྟེན་སྤུས་རྟགས་དང་ཡུལ་ཟོག་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་ལྷ་སར་གཉེར་བ།

    ཀྲོང་ཡན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཟླ་5ཚེས་10ཉིན་ནི་ཀྲུང་གོའི་སྤུས་རྟགས་ཉིན་མོ་རེད། ཚེས་10ཉིན་གྱི་སྔ་དྲོ། 2019ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་སྟེ་བོད་ཀྱི་རང་བརྟེན་སྤུས་རྟགས་དང་ཡུལ་ཟོག་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་ལྷ་སར་གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    ཀྲོང་ཡན་གྱིས་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་སྟེ་བོད་ཀྱི་རང་བརྟེན་སྤུས་རྟགས་དང་ཡུལ་ཟོག་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པའི་མཚོན་ཚུལ་གཙོ་བོ་ཞིག་རེད་ལ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དོན་འཁྱོལ་བཅས་བྱེད་དགོས་པའི་བླང་བྱའི་བྱ་ཐབས་ཞིབ་ཕྲ་ཞིག་རེད། སྤུས་རྟགས་ནི་ཁེ་ལས་དང་ཐ་ན་རྒྱལ་ཁབ་ཀྱི་འགྲན་རྩོད་འཇོན་ཐང་གཙོ་བོའི་ཕྱོགས་བསྡུས་མཚོན་ཚུལ་ཞིག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་རེད། ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤུས་རྟགས་དང་ཡུལ་ཟོག་ཐོན་རྫས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་དོན་དངོས་ལ་གཞི་ཚུགས་པ་དང་ལེགས་ཆ་མངོན་གསལ་དོད་པོ་བྱས་ཐོག་སྲིད་ཇུས་བྱ་ཐབས་བཏོན་པ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“5100”དང་། “བོད་སྨན་བདུད་རྩི་རྟགས་ཅན” “ཆེས་བྲིན”“ས་མཐོའི་མཆོག་ནོར”སོགས་སྐད་གྲགས་ལྡན་པའི་སྤུས་རྟགས་བཏོད་ནས་བོད་ཀྱི་རང་བརྟེན་སྤུས་རྟགས་བཏོད་པ་དང་ཡུལ་ཟོག་ཐོན་རྫས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་ཅེས་བསྟན་གནང་བ་རེད།

    ཀྲོང་ཡན་གྱིས་སྤུས་རྟགས་ནི་འགྲན་རྩོད་ཀྱི་འཇོན་ཐང་རེད་ལ་གསོན་ཤུགས་ཤིག་ཀྱང་རེད། ད་ཐེངས་ཀྱི་འགྲེམས་སྟོན་འགྲེམས་ཚོང་གི་བརྗོད་དོན་གཙོ་བོ་ནི“སྤུས་རྟགས་མགྱོགས་པོ་བཏོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད”པ་དེ་རེད། འགྲེམས་སྟོན་འགྲེམས་ཚོང་ལ་ཞུགས་པ་ནི་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པ་དང་། ཤུགས་རྐྱེན་ཐེབས་ཤུགས་རྒྱ་ཆེར་གཏོང་བ། གཟུགས་བརྙན་གཏོད་པ། ཁྱབ་སྤེལ་དང་ཁྱབ་གདལ་གཏོང་བ་བཅས་ཀྱི་གོ་སྐབས་ཡག་པོ་ཞིག་རེད། འགྲེམས་སྟོན་ལ་ཞུགས་པའི་ཁེ་ལས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ཉམས་མྱོང་སྤེལ་རེས་ལ་མཐོང་ཆེན་བྱས་ནས་སློབ་སྦྱོང་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཟབ་ཏུ་བཏང་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པ་རྩ་བའི་བྱ་ཐབས་སུ་བརྩིས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་དགོས་པ་དང་། སྣ་ཁ་མང་དུ་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། སྤུས་རྟགས་གཏོད་པ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་ཡུལ་ཟོག་ཐོན་རྫས་ཀྱི“ཁྱབ་གདལ་དྲུག”གི་བྱེད་སྒོ་ནུས་ཤུགས་ཡོད་རྒུས་སྤེལ་ཏེ་ཡུལ་ཟོག་ཐོན་རྫས་ཕྱིར་ཚོང་ལ་སྐུལ་འདེད་གཏོང་དགོས། ཁེ་ལས་ཅན་གྱི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ས་ཆ་དེ་གའི་ཁེ་ལས་ཀྱི་གཞི་ཁྱོན་སྔར་བས་རྒྱ་ཆེར་དང་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་གཏིང་ཟབ་བྱས་ཏེ་རང་ལྗོངས་ཀྱི་རང་བརྟེན་སྤུས་རྟགས་དང་ཡུལ་ཟོག་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་། མཚན་སྙན། ཟོལ་མེད་ཡིན་ཚད་བཅས་མཐོ་རུ་ནུས་ལྡན་བཏང་ཐོག་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་དངོས་སུ་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད། དེ་རྗེས་ཀྲོང་ཡན་འགྲེམས་ཁུལ་དུ་ཕེབས་ནས་འགྲེམས་སྟོན་འགྲེམས་ཚོང་ལ་གཟིགས་པ་དང་ཁེ་ལས་ཀྱི་ཁྲོམ་རའི་ཕྱིར་ཚོང་དང་། ཐོན་རྫས་ཀྱི་ཐོན་འབབ། རིན་གོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ནི“ཀྲུང་གོའི་སྤུས་རྟགས་ཉིན་མོ”བཙུགས་པའི་ལོ་གསུམ་པ་དེ་རེད། རང་ལྗོངས་ཀྱིས་བྱེད་སྒོ་དེ་རིགས་སྤེལ་ཐེངས་དང་པོ་ཡིན་པ་དང་། དུས་ཚོད་ནི་ཟླ་5ཚེས་10ཉིན་ནས་ཚེས་12ཉིན་བར་ཡིན་ཞིང་། ས་ཆ་དེ་གའི་གྲགས་ཅན་ཁེ་ལས་དང་ཡུལ་ཟོག་ཐོན་རྫས་ཁེ་ལས་100འགྲེམས་སྟོན་ལ་ཞུགས་ཡོད། ད་ཐེངས་ཀྱི་བྱེད་སྒོར་འགོ་ཚུགས་མཛད་སྒོ་དང་། རང་བརྟེན་སྤུས་རྟགས་དང་ཡུལ་ཟོག་ཐོན་རྫས་ཀྱི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ། རང་བརྟེན་སྤུས་རྟགས་དང་ཡུལ་ཟོག་ཐོན་རྫས་ཀྱི་འགྲེམས་སྟོན་འགྲེམས་ཚོང་བྱེད་སྒོ། ཁེ་ལས་ཀྱི་སྤུས་རྟགས་རིག་གནས་འགྲེམས་སྟོན་སོགས་ཚུད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།