[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དཔལ་འབྱོར་མཚོ་ཁ་རྒྱས་པའི་རྟགས་མཚན་དུ། འཕེལ་རྒྱས་གྲུ་ཆར་འཇོ་བའི་རྟེན་འབྲེལ་བཟང་།

    རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    མདོ་གནད།

    2018ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲོམ་རའི་བྱེད་པོའི་ཚོང་དུད་ཁྲི་26.46ཡོད་པ་དེ་དུས་མཚུངས་ལས་21.24%འཕར་ནས་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་96.44%བཟུང་བ་དང་། ཐོ་བཀོད་མ་རྩ(དངུལ)སྒོར་དུང་ཕྱུར་7906.98ཟིན་པ་དེ་དུས་མཚུངས་ལས་21.2%འཕར་བ། ལས་གཉེར་མི་སྣ་ཁྲི་125.34ཡོད་པ་དེས་ལྗོངས་ཡོངས་ཀྱི་ལས་ཞུགས་མི་འབོར་གྱི་96.38%བཟུང་ཡོད་པ་རེད།

    གྲངས་ཀ་མི་ཉུང་བ་ཞིག་ལས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མངོན་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འདི་ཉིད་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་འཕར་བའི་ཡོང་ཁུངས་གཙོ་བོ། སྤྱི་ཚོགས་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་བའི་ཐབས་ལམ་གལ་ཆེན་བཅས་ལ་གྱུར་ཡོད།

    ཕྱོགས་བསྡུས་ཐབས་ཇུས་ལག་ལེན་བསྟར་ནས་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ།

    2018ལོར་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྲངས་གནས་མཐོ་པོའི་སྒོ་ནས་གཉེར་སྐྱོང་རྒྱུན་འཁྱོངས་ཐུབ་པས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། དམངས་ཁྲོད་ཀྱི་མ་རྩ་འཕར་མགྱོགས་ལ། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ནུས་ལྡན་ངང་བསལ་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ལས་ཞུགས་ལས་གཏོད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་རྒྱུར་སྐུལ་འདེད་བཏང་བས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་པ་རེད།

    ན་ནིང་རང་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་འགའ་ཞིག་བཏོན་པ་དང་ཚོང་འགུགས་མ་འདྲེན་གྱི་ཚོགས་ཆེན་འཚོགས་ནས་རང་སྐྱོང་ལྗོངས་རིམ་པའི་འགོ་ཁྲིད་7གྱིས་རུ་སྣེ་ཁྲིད་དེ་ནང་སར་ཚོང་འགུགས་མ་འདྲེན་བྱེད་པར་ཕེབས་པ་དང་། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་སུ་ཁྱོན་མ་དངུལ་སྒོར་དུང་ཕྱུར་540.82ཟིན་པའི་གན་རྒྱའི་རྣམ་གྲངས་108ལ་མིང་རྟགས་བཀོད་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལྗོངས་ཡོངས་སུ་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་1450ཡོད་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་630.79དམིགས་སར་འབྱོར་བ་དེ་2017ལོ་ལས་38.8%འཕར་ཡོད། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་ཁ་དན་ཚིག་ལ་གནས་ཚད་མཐོ་བ་དང་། དམིགས་སར་འབྱོར་ཚད་མཐོ་བ། མ་དངུལ་གཏོང་ཚད་མཐོ་བ་བཅས་ཡོད་པ་ལས་ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་ཐད་ཀར་མངོན་ཡོད།

    ན་ནིང་ལྗོངས་ཡོངས་ཀྱི་དམངས་ཁྲོད་མ་འཇོག་28.6%འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ལྗོངས་ཡོངས་ཀྱི་མ་འཇོག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་18.8ཀྱིས་མཐོ་བ་ཡོད་པ་དེས་ལྗོངས་ཡོངས་ཀྱི་གཏན་འཇཌ་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པར་ལེཌ་སྐྱེས་གལ་ཆེན་ཕུལ་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2018ལོར་ལྗོངས་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སུ་ཚོགས་མི་5447ཡོད་པ་དང་། རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(ཚོང་ཚོགས)རྩ་འཛུགས་82དང་ལས་རིགས་མཐུན་ཚོགས་44ཡོད་པ། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཐད་གཏོགས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་ཚོང(མཐུན)ཚོགས་ཏང་རྩ་འཛུགས་ཁྱོན་151ཡོད་པ། ལྗོངས་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་ལས་ཀྱི་ཚོགས་མིའི་ཁྲོད་དུ་བཟོ་ཚོགས་རྩ་འཛུགས་204ཡོད་པ། བཟོ་ཚོགས་ཀྱི་ཚོགས་མི་24305ཟིན་གྱི་ཡོད་པ་རེད།

    ལེགས་ཆ་འདོན་སྤེལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་མཉམ་དུ་སྐུལ་འདེད་བཏང་བ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཞག་པའི་འགྱུར་མེད་ཀྱི་དམ་བཅའ་ཞིག་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས། ཕྱུག་པོ་ཆགས་ཀྱང་འབྱུང་རྩར་བསམ་བློ་གཏོང་བ་དང་ཕྱུག་པོ་ཆགས་ཀྱང་ཡར་བརྩོན་གྱི་བསམ་བློ་ལྡན་པར་བྱས་ཏེ་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བཞིན་ཡོད། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་རང་ངོས་ཀྱི་དོ་དམ་དང་ལག་རྩལ་སོགས་ཀྱི་ལེགས་ཆ་སྤྱད་དེ“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་གཏིང་ཟབ་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་ཡོང་བ་བྱས་པས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་གཙོ་ཤུགས་དམག་ཏུ་གྱུར་ཡོད།

    “ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཀྱིས་ཁེ་ལས་ཀྱིས་དབུལ་སྐྱོར་བྱེད་པའི་ཀྲུང་གོའི་ལམ་བུ་བཏོད་དེ་དམངས་གཉེར་ཁེ་ལས་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པའི་བྱེད་སྟངས་གཙོ་བོ་དང་། ལས་སྟེགས་གལ་ཆེན། སྤྱི་ཚོགས་ཀྱིས་དབུལ་སྐྱོར་བྱེད་པའི་སྤུས་རྟགས་བཅས་སུ་གྱུར་ཡོད།

    2018ལོའི་ཟླ་བཅུ་པ་བར། རང་ལྗོངས་ཀྱི་ཁེ་ལས་ཀྱིས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱ་སྤྱོད་ལ་ཞུགས་པ་དང་། རྒྱལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”རྩིས་ཁྲ་དོ་དམ་མ་ལག་ནང་བཅུག་པའི་དམངས་གཉེར་ཁེ་ལས་635ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་གྲོང་ཚོ་650དང་ཆ་སྒྲིག་བྱས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་15.02བཏང་སྟེ་མང་ཚོགས་དབུལ་པོ་ཁྲི་3.9ལ་ཕན་པ་ཐོབ་པའམ་ཡང་ན་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    དམངས་གཉེར་ཁེ་ལས་ཀྱིས་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། ཞལ་འདེབས་དབུལ་སྐྱོར་སོགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    འགན་འཁྲི་འཁུར་ནས་སློབ་ཆེན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱས་པ།

    ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་། བརྟན་ལྷིང་གི་རྨང་གཞི། ཞི་མཐུན་གྱི་འབྱུང་ཁུངས་བཅས་རེད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གནད་དོན་ནི་དཔལ་འབྱོར་འཕེལ་རྒྱས་དང་། མཐའ་མཚམས་བརྟན་ལྷིང་། དམངས་འཚོ་འགན་ལེན། སྤྱི་ཚོགས་ཞི་མཐུན་བཅས་དང་འབྲེལ་བ་ཡོད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2018ལོར་ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་3900ལྷག་ཙམ་གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པའི་ཁྲོད་ཤེས་ལྡན་པའི་ཁྲོམ་ར་བརྒྱུད་མི་1967ལས་ཞུགས་ཐུབ་པ་དང་མི་2000ལྷག་ཙམ་བབ་བསྟུན་ལས་ཞུགས་ཐུབ་ཡོད།

    བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། 2018ལོ་ནས་བཟུང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་ལ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ཐོན་ལས་བཟང་སྒྲིག་རིམ་སྤོར་གྱི་དགོས་མཁོ་དང་བསྟུན་པར་རྒྱབ་སྐྱོར་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བྱ་རྒྱུར་འཚམ་པའི་ལས་གནས་སྔར་ལས་མང་བ་བཏོད་ཡོད།

    ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གསལ་འགྲེལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བ་དང་། དམངས་གཉེར་ཁེ་ལས་མཁས་ཅན་ལ་གྲོས་འགོ་དང་ལེན་བྱེད་པའི་ཁྲིད་སྟོན་བྱས་པ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་བ། ལས་ཞུགས་ལས་གནས་སྔར་ལས་མང་བ་མཁོ་འདོན་བྱས་པ། ལས་བཟོའི་གླ་ཕོགས་གྲོས་མོལ་གྱི་ལས་ཀའི་ལམ་སྲོལ་དང་། རྒྱུན་གཏན་ལྟར་འཕར་བའི་ལམ་སྲོལ། གཏོང་སྤྲོད་འགན་ལེན་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་སྟེ་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་བཏོད་ནས་ལས་བཟོ་སྔར་ལས་མང་བས་ཁེ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།