[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཐོན་ལས་དབུལ་སྐྱོར་ཡངས་པའི་ལམ་བུར་བསྐྱོད།

    བྲག་གཡབ་རྫོང་ཨུད་ཀྱི་ཧྲུའུ་ཅི་རེན་ཧའུ་མིང་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-19

    ད་ཆ་བྲག་གཡབ་རྫོང་གིས“2019ལོར་དུད་ཚང་2514ཡི་མི་གྲངས་12325དང་གྲོང་ཚོ་དབུལ་པོ(གྲོང་ལྷན)84དབུལ་སྒྲོལ་ཐུབ་རྒྱུ་དང་རྫོང་ཡོངས་དབུལ་ཞྭ་འབུད་རྒྱུའི”དམིགས་ཚད་མངོན་འགྱུར་བྱེད་པར་དུས་ཚོད་མང་པོ་མེད། གང་འདྲ་བྱས་ཏེ་རྫོང་དབུལ་པོ་19འཆར་གཞི་ལྟར་དབུལ་ཞྭ་འབུད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་ཐད་བྲག་གཡབ་རྫོང་ཨུད་ཀྱི་ཧྲུའུ་ཅི་རེན་ཧའུ་མིང་གིས“བྲག་གཡབ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་ཏང་ཨུད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཧྲུའུ་ཅིའི་དབུལ་སྐྱོར་ལས་དོན་དམ་འཛིན་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་དམིགས་ཚད་ལ་དམིགས་པ་དང་གནད་སྨིན་ཇུས་བསྟར་བྱ་རྒྱུ་ཡིན”ཞེས་བཤད།

    རེན་ཧའུ་མིང་གིས་བྲག་གཡབ་རྫོང་གིས་ས་བབ་ཀྱི་ལེགས་ཆར་དམིགས་པ་དང་། ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུ་སྔོན་འགྲོར་བྱེད་པ། “ལུང་ཤུར་དཔལ་འབྱོར་དམ་འཛིན་ནན་པོ་བྱེད་པའི”གཞི་རྩའི་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས། “ཁྲི་གཅིག་བྱས་པ་ལྔ”ཐོན་ལས་གཞི་རྟེན་དུ་བྱེད་པ་དང“སྟོང་ཁྲི་རིམ་པ་བྱས་པ་དྲུག”གི་འདུ་འགོད་སྣེ་འདྲེན་དུ་བྱེད་པའི་ཐོན་ལས་གཙོ་རྐང་ལ་བརྟེན་པ། ཐོན་ལས་འཕེལ་རྒྱས་ལ་མ་དངུལ་གཏོང་ཚད་མང་དུ་གཏོང་བ། བྲག་གཡབ་ཀྱི་དོན་དངོས་དང་འཚམ་པའི་ཐོན་ལས་ལག་བསྟར་བཅས་བྱས་ཏེ་ཐོན་ལས་དབུལ་སྐྱོར་ལམ་བུ་ཇེ་ཡངས་སུ་ཕྱིན་པའི་སྐོར་དང་ཡུལ་གཞན་དུ་གནས་སྤོ་གཙོ་བོར་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱེད་ས་སྐྲུན་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས“མཐོར་གཏོང་འདུ་འགོད་བཅུ”དང་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བའི་སྐོར་ངོ་སྤྲོད་བྱས་བྱུང་།

    སྣོད་བཅུད་ཁ་གསབ་འགག་རྩར་བྱས་ཏེ“མུའུ་ཁྲི་ཡི་དཔལ་འབྱོར་ནགས་ཚལ”དང“ཤིང་སྣ་སྦྱོར་འདེབས་རྟེན་གཞིའི”རྣམ་གྲངས་མུ་མཐུད་ལག་བསྟར་དང་ནགས་གསོ་རྩྭ་གསོ་དང་། རྩྭ་ར་སྲུང་སྐྱོང་། ཕྱུགས་རིགས་ཉུང་གཏོང་གི་བྱ་དགའི་ཁ་གསབ་སྲིད་ཇུས་བཅས་དོན་འཁྱོལ་ཧུར་ཐག་བྱས་ཤིང་། སློབ་གསོ་འཕེལ་རྒྱས་རྩ་བར་བྱས་ཏེ་ཡོངས་བསྒྲགས་སློབ་བསྡུ་དང་། ཤེས་ལྡན་མི་སྣ་ནང་འདྲེན། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར། དང་བླངས་པའི་སློབ་སྐྱོར། ཁ་ཕྱོགས་ལ་དམིགས་ནས་གསོ་སྐྱོང་། སྤྱི་ཕན་རང་བཞིན་གྱི་ལས་གནས་སོགས་དགེ་རྒན་ཁ་གསབ་ཀྱི་ལམ་སྲོལ་མང་པོ་འཚོལ་ཞིབ་ལག་བསྟར་བྱས་ཏེ་དགེ་རྒན་གྱི་སྟོབས་ཤུགས་ལ་ཤུགས་སྣོན་དང་སློབ་གསོའི་དབུལ་སྒྲོལ་སྤུས་ཚད་མཐོ་རུ་བཏང་བ་རེད། སྤྱི་ཚོགས་འགན་ལེན་མཐའ་ཚད་དུ་བྱས་ཏེ་མ་མཐའི་འཚོ་བ་འགན་ལེན་དང་། འགན་ལེན་ལྔ། སྨན་བཅོས་འགན་ལེན། གནས་སྐབས་རོགས་སྐྱོབ། དབང་པོ་སྐྱོན་ཅན་གྱི་ཁ་གསབ་སོགས་སྤྱི་ཚོགས་འགན་ལེན་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་སེམས་ཁྲལ་བསལ་བ་རེད།

    བྲག་གཡབ་རྫོང་གི་གནས་ཚུལ་མདོར་བསྡུས།

    བྲག་གཡབ་རྫོང་ལ་ཤང(གྲོང་རྡལ)13དང་གྲོང་ཚོ(གྲོང་ལྷན)138ཡོད་ཅིང་། 2015ལོའི་ལོ་མཇུག་ཏུ་གནད་སྨིན་དབྱེ་འབྱེད་བྱས་ཏེ་དུད་ཚང་དབུལ་པོ་4526གི་མི་གྲངས་20829ལ་ཡིག་ཚགས་དང་གཱ་བཟོས་ཡོད། རྫོང་ཡོངས་ཀྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་པ་དང“ཁག་གཅིག་རེ་ལྔ”ལ་གཞིགས་ནས་2016ལོ་ནས་2019ལོའི་ཟླ་བཞི་པ་བར་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་1695ཡི་མི་གྲངས་8466དབུལ་སྒྲོལ་བྱུང་བ་དང་གྲོང་ཚོ(གྲོང་ལྷན)54དབུལ་སྒྲོལ་ཐུབ་སྟེ་དབུལ་པོ་ཐོན་ཚད་20%ཆག་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།