[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དུང་དཀར་གྱི་སུར་པན་ཐོན་ལས་འཕེལ་རྒྱས་ཆེན་པོ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-19

    “མཉམ་ལས་ཁང་གི་དོ་དམ་དེ་བས་ཚད་ལྡན་བྱུང་བ་དང་། ང་ཚོའི་སུར་པན་འདེབས་འཛུགས་ཀྱི་གཞི་ཁྱོན་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། གྲོང་མི་ཚོའི་ཡོང་འབབ་བརྟན་པོའི་ངང་འཕར་སོང”ཞེས་སུར་པན་གྱི་སྐོར་གླེང་སྐབས། སྣང་རྫོང་གླང་མདུན་སུར་པན་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་མི་ཚེ་གཡུང་དྲུང་གི་གཏམ་གྱི་སྒོ་མོ་ཕྱེས།

    ཟླ་ལྔ་པའི་ཉིང་ཁྲིར་ཆར་པ་སིམ་སིམ་དུ་བབས་པ་དང་། སྣང་རྫོང་དུང་དཀར་གྲོང་རྡལ་གྱི་དྲོད་ཁང་ཆེ་མོའི་ནང་སྐྱེ་སྟོབས་ཀྱི་གསོན་ཤུགས་འབར་ཞིང་། སུར་པན་གྱི་ལྗང་པ་རྐང་རེ་རེ་སྐྱེ་འཚར་ཡག་པོ་ཡོད་པ་དང་། འཁྲིས་ཀྱི་བཟོ་གྲྭ་ལས་འཕྲུལ་འཁོར་འཁོར་སྐྱོད་ཀྱི་སྒྲ་གྲགས་ཤིང་། བོད་རིགས་ཕོ་གཞོན་འགའ་ཞིག་གིས་ལས་སྣོན་བྱས་ཟིན་པའི་སུར་པན་ཁག་དབྱེ་ནས་སྣོད་དུ་བླུགས་བཞིན་འདུག སུར་པན་ལས་སྣོན་གླིང་ཧྲིལ་པོར་འདེབས་འཛུགས་དང་། ཐོན་སྐྱེད། ལས་སྣོན་སོགས་ལྷུ་ཚིགས་ཀྱི་གོ་རིམ་ཚར་དུ་དངར།

    ས་གནས་དེ་གའི་སུར་པན་གྱི་ཐོན་ལས་མང་པོའི་ཁྲོད་ནས་ཁག་དང་པོར་འཕེལ་རྒྱས་བྱུང་བའི་དམངས་གཉེར་ཁེ་ལས་ཀྱི་འཐུས་ཚབ་ཡིན་པའི་ངོས་ནས། སྣང་རྫོང་གླང་མདུན་སུར་པན་ཆེད་ལས་མཉམ་ལས་ཁང་གིས་གཙོ་བོ་སུར་པན་འདེབས་འཛུགས་དང་། ཉོ་སྒྲུབ། ལས་སྣོན། བྲིན་ཚོང་བཅས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཀྱི་ཕྱོགས་བསྡུས་གསར་སྤེལ་བྱེད་ཀྱི་ཡོད། དྲོད་ཁང་ཆེ་མོ་79བསྐྲུན་པར་འདེབས་འཛུགས་རྒྱ་ཁྱོན་མུའུ་206ཟིན་པ་དང་དྲོད་ཁང་ཆེ་མོར་འདེབས་འཛུགས་བྱེད་པ་ནས་འགྱིག་ཤོག་གཡོག་སྟེ་འདེབས་འཛུགས་བྱེད་པ་ཁྱབ་གདལ་གཏོང་བའི་བར་དུ་མཉམ་ལས་ཁང་གི་སུར་པན་གྱི་ལོའི་ཐོན་འབབ་རྒྱ་མ་ཁྲི་83ཟིན་ཡོད།

    ཁྲིམས་མི་ཚེ་གཡུང་དྲུང་རྫོང་དེའི་ཕུལ་བྱུང་ཞིང་འབྲོག་པའི་ཁེ་ལས་མཁས་ཅན་ལ་ཐེངས་མང་བདམས་མྱོང་ཡོད་པ་དང་། ཁོང་གིས་མཉམ་ལས་ཁང་གི་སྣེ་ཁྲིད་ནས་སུར་པན་འདེབས་འཛུགས་དང་ལས་སྣོན་བྱ་རྒྱུ་དེ་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐོན་ལས་སུ་འཕེལ་རྒྱས་བཏང་ཡོད། “མཉམ་ལས་ཁང་དང་རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་རྣམ་པར་བརྟེན་ནས་མཉམ་ལས་ཁང་གིས་སུར་པན་འདེབས་འཛུགས་དུད་ཚང་དང་ཉོ་སྒྲུབ་གན་རྒྱ་བཞག་སྟེ་དེ་སྔའི་རང་ཁ་རང་གསོ་དང་རང་ཐོན་རང་འཚོང་བྱེད་པའི་གྲོང་མིར་བྲིན་ཚོང་གི་ཐབས་ལམ་བཙལ་བས། དངུལ་སྨར་ཡོང་འབབ་མང་དུ་ཕྱིན་ཡོད་ལ། ས་གནས་དེ་གའི་མང་ཚོགས་དབུལ་པོ་དང་ལས་སྒུག་གཞོན་ནུར་ལས་ཞུགས་གོ་སྐབས་མཁོ་འདོན་བྱས་ཡོད།

    མཉམ་ལས་ཁང་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས་དུང་དཀར་གྲོང་རྡལ་གྱི་སུར་པན་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། དུང་དཀར་གྲོང་རྡལ་གྱི་རྨོ་ཞིང་མུའུ་8706ནས་མུའུ་3250ལ་ལོ་ལྟར་སུར་པན་འདེབས་འཛུགས་བྱེད་པ་དང་། གྲོང་རྡལ་ཡོངས་ཀྱི་ཞིང་འབྲོག་པ་དུད་ཚང་1000ལྷག་ནས་དུད་ཚང་522ཀྱིས་ལོ་ལྟར་སུར་པན་འདེབས་འཛུགས་བྱེད་ཀྱི་ཡོད། སུར་པན་ཐོན་ལས་ཀྱིས་ས་གནས་དེ་གའི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་གསུམ་ཆ་གཅིག་ཟིན་ནས་དུང་དཀར་བའི“དཔག་བསམ་ཤིང”དུ་གྱུར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།