[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི” བོད་སྐྱོར་གྱིས་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། “ཀ་པ་རིམ་པ་གསུམ་པའི”སྨན་ཁང་6གསར་དུ་བསྐྲུན་པ་དང་། སྨན་བཅོས་ལག་རྩལ་1014ཡི་སྟོང་ཆ་བསྐངས་པ། “ནད་ཆེན”338བོད་ནས་སྨན་བཅོས་ཐུབ་པ་སོགས་ལོ་བཞིའི་རིང་སྨན་བཅོས་ཤེས་ལྡན་མི་སྣ་659ཡི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་ས་གནས་དེ་གའི་འཕྲོད་བསྟེན་ཁྱབ་ཁོངས་སུ་ཟིན་ཐོ་གསར་པ་མང་པོ་བཏོད་ཡོད་པ་རེད། 

    གོང་གསལ་གྱི་ཆ་འཕྲིན་འདི་ཚེས་23ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད། 2015ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་འཇགས་ཨུ་ལྷན་གྱིས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་འགོ་ཚུགས་པ་དང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཨན་ཧུའེ། ཁྲུང་ཆིང་། ལེའོ་ཉིང་། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་7གྱི་སྨན་ཁང་65ནས་ལོ་ལྟར་རིགས་གཅིག་མཁས་ཅན་བརྒྱ་ལྷག་ཙམ་མངགས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མི་དམངས་སྨན་ཁང་7ལ་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད། 

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཡུན་ཐིང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག དེ་སྔའི“གནས་དང་གནས”ཀྱི་བོད་སྐྱོར་རྣམ་པ་དང་མི་འདྲ་བར། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནི“མི་རྐྱང་རྟ་རྐྱང་གི་ཕར་རྒོལ”ནས“དཔུང་ཚོགས་ཀྱི་དཔུང་འཇུག”ལ་བསྒྱུར་ནས་འཕྲོད་བསྟེན་བདེ་ཐང་བོད་སྐྱོར་གྱི་རྣམ་པ་གསར་པ་བཏོད་པ་དང་། “གཞན་རྟེན”ནས“རང་རྟེན”ལ་འགྱུར་ལྡོག་བྱུང་བ། ས་གནས་དེ་གའི་སྨན་བཅོས་ཞབས་ཞུའི་ཆུ་ཚད“དུས་ཐུང་ལོ་གསུམ་བཞིའི”ནང“ལོ་ངོ་བཅུ་གྲངས་བརྒལ་བའི”ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅེས་བཤད། 

    གསར་འགོད་པས་ཤེས་རྟོགས་བྱས་པར། 2018ལོའི་ལོ་མཇུག་བར། བོད་ཀྱི་ལྷ་ས་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བཅས་སུ“ཀ་པ་རིམ་པ་གསུམ་པའི”སྨན་ཁང་6བསྐྲུན་པས་བོད་དུ་ས་ཁུལ་དང་གྲོང་ཁྱེར་རིམ་པའི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད། ས་བབ་མཐོ་བའི་མངའ་རིས་ས་ཁུལ་དུ་ཡང“ཁ་པ་རིམ་པ་གསུམ་པའི”སྨན་ཁང་དང་པོ་དེ་བསྐྲུན་ཡོད་པ་རེད། 

    ལོ་བཞིའི་རིང་། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣས“ཚོགས་པས་ཚོགས་པ་འཁྲིད་པ”དང“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”སོགས་ཀྱི་བྱེད་ཐབས་བརྒྱུད། དེ་སྨན་བཅོས་ཚོགས་པ་588དང་ས་གནས་དེ་གའི་སྨན་དོན་མི་སྣ་1446ཁྲིད་པས་རོགས་སྐྱོར་ཐོབ་པའི་སྨན་ཁང་གི་སྨན་པ་120ཡིས་རང་རྐྱ་འཕེར་བའི་ངང་གཤགས་བཅོས་རིགས་གསར་པ་1ནས་2བར་བྱེད་ཐུབ་སྟེ་ས་གནས་དེ་གར་རིག་ཚན་སྣེ་ཁྲིད་པ་དང་ཆེད་ལས་ཀྱི་ལག་རྩལ་རྐང་འཛིན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད་པ་རེད། 

    ཞིང་ཆེན་དང་གྲོང་ཁྱེར་7གྱི་སྨན་ཁང་65ཡིས་ད་དུང“སྨན་ཁང་གི་ཁོའོ་ཧྲི་གསར་པ་འཛུགས་པའི”བྱེད་ཐབས་བརྒྱུད། རོགས་སྐྱོར་ཐོབ་པའི་སྨན་ཁང་ལ་ཁོའོ་ཧྲེ་164གཙོ་གནད་གསར་དུ་བཙུགས་པ་དང་། ནང་སའི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྲུབ་འབྲས་847བསླབས་པ། ས་ཁོངས་ཀྱི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁག་1014གསབ་པ་རེད། 

    ཝང་ཡུན་ཐིང་གིས་བོད་དུ“ནད་ཆེན”རིགས་338རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་1990ས་ཁུལ་དང་གྲོང་ཁྱེར་ནས་སྨན་བཅོས་ཐུབ་ཀྱི་ཡོད། གཞན་ཡང་ཉེན་ཁ་ཚབས་ཆེན་གྱི་ནད་པའི་མྱུར་སྐྱོབ་བདེ་བླག་ཐུབ་ཚད་90.88%ཟིན་ནས་2014ལོ་དང་བསྡུར་ན་21.55%མཐོ་རུ་ཕྱིན་ཡོད་ཅེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།